མཉམ་ལས་ཁང་གི་འབྲོག་པ་མང་ཚོགས་ལ་སྡེ་བར་ཁང་པ་ཡོད་པ་དང་གྲོང་ཁྱེར་དུ་ཁང་པ་ཡོད་པ། ཐོན་སྐྱེད་ལ་མཁོ་བའི་རླངས་འཁོར་དང་ཁྱིམ་ཚང་ལ་མཁོ་བའི་རླངས་འཁོར། དེ་མིན། ཞིང་ལས་གཉེར་སྐབས་གྱོན་པའི་ལྭ་བ་དང་གྲོང་ཁྱེར་དུ་འགྲོ་སྐབས་གྱོན་པའི་ལྭ་བ་ཡོད་པ་བཅས་ཀྱི་ཆ་རྐྱེན་ལྡན་པའི་གྲོང་མིའི་འཚོ་བ་རོལ་རྒྱུ་དེ་ནི་ནོར་བུ་ཚེ་རིང་གི་རེ་བ་རེད།
ནོར་བུ་ཚེ་རིང་ནི་ཞིང་ཧེ་རྫོང་དཔལ་ཁ་གྲོང་བརྡལ་ལྔ་གཅིག་སྡེ་བའི་ཞིན་ཧེ་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཡིན་ལ། སྡེ་བའི་ཕྱུགས་འགྱུར་གྱི་སྣེ་ཁྲིད་པའང་ཡིན། ཁོ་མཐོང་དུས། ཁོས་ཞིང་ས་རུ་ནས་ཀྱི་ལོ་ལེགས་བསྡུ་བར་བྲེལ་བཞིན་འདུག
ཞིན་ཧེ་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ས་མུའུ་ཁྲིའི་ཞིང་སར་ནས་ཀྱི་ལོ་ལེགས་སྨིན་པ་ཧ་ཅང་བཟང་ལ། ཡུག་པོའི་ས་ཞིང་ལྗང་ནེམ་ནེམ་དུ་གྱུར་ཅིང་། ལོག་དཀར་གྱི་ལོ་ལེགས་སྨིན་ནས་མཛོད་དུ་ཉར་རན་འདུག་པས། ཞིང་འབྲེག་འཕྲུལ་ཆས་གཉིས་ཀྱིས་སྔ་གཞུག་རྩོད་བཞིན་ལོ་ལེགས་བསྡུ་བཞིན་འདུག
ནོར་བུ་ཚེ་རིང་གིས་ང་ཚོས་ཞིང་འབྲེག་འཕྲུལ་ཆོས་འདི་ལ་སྒོར་ཁྲི98བྱིན་ནས་ཉོས་པ་ཡིན།ད་ལྟའི་ཚོང་རར་ཆེས་བཟང་བོའི་འཕྲུལ་ཆས་རེད།སྔོན་ཆད་ཀྱི་འཕྲུལ་ཆས་དང་བསྡུར་ན། ལོ་ལེགས་བསྡུ་བའི་མྱུར་ཚད40%ཡི་ཇེ་མགྱོགས་སུ་སོང་ཡོད་པ་མ་ཟད། ས་ཞིང་མུའུ་གཅིག་གི་འབྲུ་རིགས་རྒྱ་མ28གཏོར་བརླག་འགྲོ་ཚད་དེ་རྒྱ་མ8ཙམ་ལ་ཇེ་ཉུང་དུ་ཕྱིན་ཡོད།དེ་ལྟར་ཞིབ་རྩིས་བརྒྱབ་ཚེ་སྔོན་ཆད་དང་བསྡུར་ན་ཁེ་ཕན་ཆེན་པོ་ཐོན་གྱིན་ཡོད། ད་ལྟ་མཉམ་ལས་ཁང་གི་མ་དངུལ་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་གསབ་ཡོད་པས། སེམས་བདེ་བའི་ངང་ཞིང་ལས་འཕྲུལ་ཆས་ཉོས་ཆོག་པ་རེད། མིག་སྔར།མཉམ་ལས་ཁང་དུ་བཟོ་དབྱིབས་མི་འདྲ་བའི་ཞིང་ལས་འཕྲུལ་ཆས་བཞི་ཡོད་དེ། གཅིག་ལས་གཅིག་བཟང་བ་རེད་ཟེར།
ཞིན་ཧེ་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི2016ལོར་བཙུགས་པ་ཡིན་ལ། དེ་དུས་མཉམ་ལས་ཁང་ལ་ཁྱིམ་ཚང5དང་ཞིང་ས་མུའུ2300ལས་མེད་པ་རེད།ད་སྔ་མཉམ་ལས་ཁང་ལ་ཞིང་ས་མུའུ10500དང་ཁྱིམ་ཚང52ཡོད་པ་རེད།
ནོར་བུ་ཚེ་རིང་གིས2018ལོ་དང་བསྡུར་ན་མཉམ་ལས་ཁང་གི་ལོག་དཀར་དང་ནས་ཀྱི་ཡོང་སྒོ་དེ་འདྲའི་བཟང་རྒྱུ་མེད་པས།ང་ཚོའི་ཐབས་ལམ་གཞན་བཙལ་ནས་དཀའ་ཁག་དེ་དག་སེལ་བ་ཡིན་ཟེར།
ནོར་བུ་ཚེ་རིང་དང་མཉམ་ལས་ཁང་གི་ལས་མི་ཚོས་ལོག་དཀར་དང་ནས་འདེབས་པ་རྐྱང་རྐྱང་ལ་བརྟེན་ན་ཡོང་སྒོ་བཟང་རྒྱུ་མེད་པ་ཤེས་ནས། མཉམ་ལས་ཁང་གིས་རང་གི་ཐོན་རྫས་བཟོ་པར་ཁ་ཕྱོགས་ཏེ།སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི140བཏང་ནས་སྣུམ་བཙགས་ཁང་ཞིག་གི་སྒོ་འབྱེད་པ་དང་། འབྲུ་སྣུམ་ཐོན་རྫས་ལ་ཚོང་རྟགས་ངེས་པར་དགོས་པར་བསམ་གཞིགས་བཏང་རྗེས། ཆེད་དུ་འཇོན་མི་གདན་ཞུ་བྱས་ཏེ་རང་གི་བློ་ཡིད་ཚིམས་པའི་ལོག་དཀར་ཐོན་རྫས་ཀྱིLOGOཇུས་འགོད་བྱས།
ལོ་གཅིག་མ་འགོར་བར། ནོར་བུ་ཚེ་རིང་གིས་སྤུས་རྟགས་དར་སྤེལ་གཏོང་བའི་སྟེང་སྒོར་ཁྲི་དྲུག་བཅུ་བདུན་བཅུ་ཡས་མས་བཏང་སོང་བས། མཉམ་ལས་ཁང་གི་ལས་བཟོ་བ་ཚོས་མ་དངུལ་དེ་འདྲ་མང་པོ་ཞིག་སྤུས་རྟགས་དར་སྤེལ་གཏོང་བའི་ཐད་བཏང་བར་འདང་དཔོག་དཀའ་བར་གྱུར།
སྐབས་དེར། ནོར་བུ་ཚེ་རིང་གིས་རང་སྒེར་ནས་མ་དངུལ་བཏང་སྟེ་ཚང་མར་བློ་ཡིད་ཚིམས་པའི་ཚོང་རྟགས་ཀྱིLOGOཇུས་འགོད་བྱས་པ་རེད།
ད་ལྟ།མཉམ་ལས་ཁང་གི་ལོག་དཀར་གྱི་འབྲུ་སྣུམ་ཐོན་རྫས་ས་གནས་སུ་མང་གྲགས་ཧ་ཅང་ཆེ་ལ། ཟི་ལིང་དུའང་ཆེད་འཚོང་ཁང་ཅིག་གི་ཕྱེས་ཡོད་པ་རེད།
ན་ནིང་སྡེ་བའི་ན་གཞོན་ཚོ་མདའ་འཕེན་འགྲན་བསྡུར་གྱི་བྱ་འགུལ་ཁྲོད་ཞུགས་སྐབས། དཔལ་ཁ་ནོར་སྦྱིན་རྟགས་མའི་ཕྱིང་ཞྭ་གྱོན་ཡོད་པ་དེ་མཐོང་དུས། ནོར་བུ་ཚེ་རིང་དགའ་སྤྲོ་ཚད་མེད་སྐྱེས་སོང་ལ། གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན་པ་ཚོར།
ལོག་དཀར་གྱིས་སྣུམ་བཙགས་པ་དང་ནས་ཀྱིས་རྩམ་པ་འཐག་པ།ཡུག་པོའི་རྩྭ་སྡེ་མཁའ་འཁོར་གྱི་སྡེ་བ་དང་ཞིང་ཆེན་གཞན་དུ་བཙོང་ནས། མཉམ་ལས་ཁང་རང་གི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་ཐུབ་པ་བྱུང་སྟེ། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི240ལ་སླེབས།
ནོར་བུ་ཚེ་རིང་གིས་ད་ལྟ་མཉམ་ལས་ཁང་གི་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ནས། དོ་དམ་དང་རྨོ་འདེབས། བསྡུ་ལེན་བཅས་གཅིག་གྱུར་གྱི་བཀོད་སྒྲིག་བྱེད་བཞིན་ཡོད་པས། ལས་ཀ་བ་མང་པོ་ཞིག་དེ་ལས་ཕྱིར་བུད་དེ།ཡང་བསྐྱར་ལས་ཀ་གཞན་དག་བཙལ་ནས་ཡོང་སྒོ་འཚོལ་བཞིན་ཡོད་ཟེར།
ཕྱུགས་འགྱུར་གྱི་ལམ་ཁ་རུ། ནོར་བུ་ཚེ་རིང་སྔར་ལས་ནུས་པ་ཡོད་ཚད་བསྐྱེད་བཞིན་ཡོད་ལ། འབྲུ་མཛོད་ཁང་མེད་པར་མཉམ་ལས་ཁང་གཞན་དག་ལ་འབྲེལ་བ་བྱས་ཏེ། གྲོང་བརྡལ་དུ་རྒྱ་ཁྱོན་མུའུ87ཡོད་པའི་འབྲུ་མཛོད་ཁང་ཞིག་གླས་ཏེ་འབྲུ་རིགས་འཇོག་སའི་་གནད་དོན་ཐག་གཅོད་བྱས།
རང་གི་ཐོན་རྫས་ཀྱི་སྤུས་རྟགས་དེ་བས་མང་གྲགས་ཅན་དུ་གཏོང་ཆེད། ཁོས་དྲ་ལམ་སྤྱི་སྟེགས་སྟེང་བརྙན་ཐུང་སྤེལ་ཏེ་མཉམ་ལས་ཁང་ངོ་སྤྲོད་དང་། ཐད་གཏོང་བརྒྱུད་ནས་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་དང་མཉམ་ལས་ཁང་གི་འབྲུ་སྣུམ་ངོ་སྤྲོད་བྱས།
ལོ་རིམ་གསུམ་པའི་ཆུ་ཚད་ལས་མེད་པའི་ནོར་བུ་ཚེ་རིང་གིས་རང་ལ་ཤེས་ཡོན་མེད་ནའང་ཚོང་རྟགས་ཐོ་འགོད་བྱེད་པ་དང་། མ་དངུལ་སྤྲད་དེ་ཚོང་རྟགས་ཀྱིLOGOཇུས་འགོད་བྱེད་དགོས་པ་ཤེས་ཀྱིན་ཡོད་དེ།ཁོང་གིས་ང་ཚོར་ཐོན་རྫས་ཤིག་ལས་མགོ་བརྩམས་ཚེ་ངེས་པར་དུ་བློ་གཅིག་སེམས་གཅིག་ཡིན་དགོས་ཟེར།
ད་ལོའི་སྐབས་བཅུ་གཅིག་པའི་མཐོ་སྒང་ཞིང་ཕྱུགས་ཆེད་ལས་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་གྲོས་མོལ་ཚོགས་དང2025ལོའི་མཚོ་ལྷོ་ཁུལ་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་བྱ་འགུལ་ཁྲོད། མཚོ་སྔོན་དང་ཡུན་ནན། སི་ཁྲོན་། བོད་ལྗོངས། ཀན་སུའུ།ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་ལས་བཏོད་འཐུས་མི་དང་མཉམ་ལས་ཁང་གི་འགན་འཁུར་བར།ནོར་བུ་ཚེ་རིང་གིས་ཆེད་དུ་རང་གི་གསར་སྤེལ་བྱས་པའི་འབྲུ་སྣུམ་ཕྱོགས་ཀྱི་ཐོན་རྫས་གསར་སྤེལ་ཁྱབ་བསྒྲགས་ཚོགས་འདུ་ཞིག་བསྡུས་པ་རེད།
ནོར་བུ་ཚེ་རིང་གིས་ང་ཚོར་འདི་ཚང་མ་སྨྱན་སྦྱོར་ལ་སློབ་སྦྱོང་བྱས་པ་ཡིན་པས། ཕན་འབྲས་ཧ་ཅང་བཟང་། ཉིན་དེར་སྒོར་ཁྲི60ཡི་ཚོང་ཟོག་མངག་ཐོ་ཞིག་ལ་མིང་རྟགས་བཀོད་ཐུབ་པ་བྱུང་།ཚོང་གཉེར་བ་མང་པོ་ཞིག་གིས་དེ་ཤེས་ཀྱི་མེད་པས། ངས་ཚང་མར་སྣེ་ཁྲིད་ཅིག་བྱས་པ་ཡིན། ཚོང་རྟགས་ཀྱི་མིང་གྲགས་ཆེ་ཆེར་བཏང་ན་ད་གཟོད་ཚོང་རྫས་ཕྱིར་འཚོང་གི་ནུས་པ་ཇེ་ལེགས་སུ་འགྲོ་ཐུབ། དེ་ལྟར་བྱས་ན་ང་ཚོའི་རེ་བའང་སྔ་མོ་ནས་ལེགས་འགྲུབ་བྱུང་ཐུབ་ཟེར།
ནོར་བུ་ཚེ་རིང་གིས་ངས་ལས་བཏོད་ལ་ཁ་ཕྱོགས་ཙམ་བསྟན་པ་ཡིན། ཚོང་ལས་དུས་ཡུན་རིང་པོར་བརྟན་དགོས་ན་ངེས་པར་དུ་ན་གཞོན་ཚོར་བརྟེན་དགོས་པ་རེད་ཟེར། །
གསར་འགོད་པ། བུ་མོ་མཆོག པདྨ་མཚོ།