མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མགོ་ལོག་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ཏེ། རང་ངོས་ཀྱི་འགན་ནུས་དང་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་པ་དང་། སྤུས་ཚད་མཐོ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་སྒོ་ཁ་ནས་ཕྱུག་འགྱུར་གྱི་ལམ་བུ་འཛུགས་སྐྲུན་ཡག་པོ་དང་། དར་སྤེལ་ལེགས་པོ་བྱས་ནས་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན།
བསྡོམས་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི482ལག་བསྟར་བྱས་པ་དང་། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ནང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་གཉིས་ནས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་ལྔ་ལ་འཕར་བ་དང་། གཞུང་ལམ་འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ6824ལྷག་གསར་དུ་ལས་ཡོད། མདའ་བཞི་གཞུང་ལམ་དང་པད་མ་ནས་འཛམ་ཐང་བར་གྱི་གཞུང་ལམ། གངས་ལུང་ནས་སྦྲ་གསར་བར་གྱི་གཞུང་ལམ་སོགས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་བགྲོད་ལམ་སྔར་ལས་ཡངས་པོར་གྱུར། སྡེ་བའི་མཇུག་མཐའི་སྤྱི་ལེ་གཅིག་གི་གཞུང་ལམ་སོགས་རིམ་བཞིན་ལས་ནས། ཞིང་སྡེའི་བགྲོད་ལམ་འགྲོ་ཐུབ་པ་ནས་བདེ་འཇགས་དང་བཟང་པོའི་སྒོ་ནས་ཕྱི་རུ་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་། གཞུང་ལམ་དུ་འགྲུལ་བ་སྐྱེལ་བའི་མི་གྲངས་འབུམ་བཞི་དང་ཁྲི་དགུ་སྟོང་གཅིག་སུམ་བརྒྱ་ལ་སླེབས་ཡོད་པ་དང་། འགྲུལ་བ་འཁོར་རྒྱུག་གི་ཚད་ཐེར་འབུམ་གཅིག་དང་བྱེ་བ་བཞི་ས་ཡ་བརྒྱད་འབུམ་དྲུག་ཁྲི་གཉིས་ལྷག་ལ་སླེབས་ཡོད་ལ། དངོས་པོ་སྐྱེལ་འདྲེན་གྱི་ཚད་ཏུན་འབུམ་དགུ་དང་ཁྲི་བདུན་སྟོང་བརྒྱད་དགུ་བརྒྱར་སླེབས་ཡོད། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཞེ་བཞི་རུ་སྣུམ་ལམ་ལས་པ་དང་། སྒྲིག་གཞིའི་སྡེ་བ178ཚང་མ་འགྲུལ་སྐྱེལ་རླངས་འཁོར་ཡོད་ལ། ད་ཡོད་འགྲུལ་སྐྱེལ་ལམ་ཐིག39ཡོད་པས་འགྲུལ་སྐྱེལ་ལམ་ཐིག་གཙོ་བོར་གྱུར་པ་དང་། ཞིང་སྡེའི་འགྲུལ་སྐྱེལ་གཞོགས་འདེགས་བྱེད་པ་དང་། གླ་གཏོང་རླངས་འཁོར་འགྲུལ་སྐྱེལ་ཁ་གསབ་བྱེད་པ་བཅས་ཀྱི་འགྲུལ་སྐྱེལ་དྲ་རྒྱ་ཆགས་ཡོད། མགོ་ལོག་གནམ་གྲུ་ཐང་དུ་ལམ་ཐིག་གསར་པ་གཉིས་ཤར་གཏོང་བྱས་པས་མཁའ་འགྲུལ་སྐྱེལ་འདྲེན་སྐས་རིམ་གསར་པར་སླེབས་ཡོད།
དེ་ལས་གཞན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མངའ་ཁོངས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་གཉེར་སྐྱོང་ལ་རྡུང་རྡེག་བྱེད་པ་དང་གླ་གཏོང་རླངས་འཁོར་གྱི་ཆེད་དམིགས་བཅོས་སྐྱོང་སོགས་ཁྲིམས་འཛིན་བྱ་སྤྱོད་ཏན་ཏིག་གིས་སྤེལ་ནས། ཚད་བརྒལ་བཅོས་སྐྱོང་དང་ཚད་བཀག་བཅོས་སྐྱོང་ནན་མོ་བྱས་ཏེ། ཆེད་དམིགས་བཅོས་སྐྱོང་དམ་འཛིན་ནན་མོ་བྱེད་པ་དང་། ཁུལ་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་ཚད་བརྒལ་བཅོས་སྐྱོང་བྱེད་ཚད0.5%ཡི་ནང་ཚོད་འཛིན་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ཚད་བརྒལ་བཅོས་སྐྱོང་བྱེད་ཚད་ཚོད་འཛིན་གྱི་དམིགས་འབེན་བླང་བྱ2%ནང་ཚོད་འཛིན་བྱས་ཡོད།