ཞུན་ཧྭ་རྫོང་གིས་འཐེན་ཐུག་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་རོགས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཁག་གི་ཞུན་ཧྭ་འཐེན་ཐུག་ཟ་ཁང་གི་གྲངས་འབོར6300ལ་སླེབས་པ་དང་། འཐེན་ཐུག་ལས་གཉེར་པ་ཉིས་ཁྲི་བརྒྱད་སྟོང་ཡོད་ལ། ཕྱི་རྒྱལ་ཁྲོམ་རའི་ཟ་ཁང68ལ་སླེབས་ཡོད” ཟླ11པའི་ཚེས11ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ས་གནས་ཟོང་རྟགས་ཐོན་ལས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་མ་ཀུའོ་ཞང་གིས་གསར་འགོད་པར་མཚམས་སྦྱོར་བྱས། ད་ལོའི་ཚུན་ལ། ཞུན་ཧྭ་རྫོང་གིས“ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དངུལ་རྩ། འགན་སྲུང་། སྦྲེལ་ཐག་རྒྱུན་སྲིང་བཅས་ཀྱི་ཕྱོགས་བཞིར་དམིགས་ནས། འཐེན་ཐུག་དཔལ་འབྱོར་གཞི་ཁྱོན་རྒྱ་བསྐྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། འཐེན་ཐུག་ཐོན་ལས་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་བའི་ཁྲོད་ལས་གཉེར་འདུ་ཤེས་རྗེས་སུ་ལུས་པ་དང་། དོ་དམ་ནུས་པ་མི་འདང་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ཞུན་ཧྭ་རྫོང་གིས་ད་ལོར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐེན་ཐུག་ལག་རྩལ་དང་། ཟོང་རྟགས་འཐབ་ཇུས་འཆར་འགོད། གྲངས་འཛིན་ཅན་གྱི་ལས་གཉེར་སོགས་ནང་དོན་སྣ་མང་ཚུད་པའི་ཆེད་དོན་གསོ་སྦྱོང་ཐེངས9སྤེལ་བ་དང་།    ལས་གཉེར་པ924ལ་གསོ་སྦྱོང་བྱས་པ་དང་འབྲེལ་ལས་རིགས་རྩལ་ནུས་གསལ་འབྱེད་ལག་ཁྱེར་ཡང་ཐོབ་ཡོད། ཞུན་ཧྭ་རྫོང་གི་ཟ་ལར་ཁྱིམ་ཚང་གི་ཟོང་རྟགས་ཀུང་ཟིས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་མཛོད་བཙུགས་ནས། ལྟེ་བའི་ཚོགས་པ་བསྡུ་ལེན་བྱས་ཏེ་མཚོ་སྔོན་གྱི་འཐེན་ཐུག་དེ“མི་སྒེར་ཕྱི་རྒྱལ་དུ་བསྐྱོད་པ”ནས“ཟོང་རྟགས་ཅན་དང་། གཞི་ཁྱོན་ཅན་གྱིས་ཕྱི་རྒྱལ་དུ་བསྐྱོད་པའི”རིམ་སྤར་དུ་སྐུལ་འདེད་བཏང་བ་མ་ཟད། ཀྲུང་གོའི་ཙའེ་པའོ(སྡེ་ཚོགས)མ་རྐང་ཚད་ཡོད་ཀུང་ཟི་ལ་བརྟེན་ནས“འཐེན་ཐུག་དངུལ་བུན”བཏོན་པ་དང་། ད་ལོར་རིམ་རྩིས་བྱས་ན་ལས་གཉེར་བྱེད་པོ་ཁྱིམ་ཚང4022ལ་དངུལ་བུན་སྒོར་དུང་ཕྱུར་བཞི་བྱེ་བ་བཞི་བཏང་བ་དང་། ཁྱིམ་ཚང102ལ་སྐྱེད་ཀ་སྒོར་ས་ཡ་གཅིག་དྲུག་ཁྲི་ཡི་ཁ་གསབ་བྱས་ཏེ། འཐེན་ཐུག་མཁན་གྱི་མ་རྩ་སྒོར་བྱེ་བ་གཉིས་ལྷག་གྲོན་ཆུང་བྱས་ནས་མ་དངུལ་འཁོར་རྒྱུག་གི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་ཡོད།

འཐེན་ཐུག་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཞབས་ཞུ་ལེགས་པར་བསྒྲུབ་ཆེད།    ཞུན་ཧྭ་རྫོང་གིས་ཕྱི་རུ་སྡོད་པའི་ཞབས་ཞུའི་ལས་ཁུངས15བསྡུ་སྒྲིལ་བྱས་ཏེABལས་རྐང་དུ་དགར་བ་དང་། ཕྱི་རུ་སྡོད་པའི་སྐོར་སྐྱོད་ཏང་ཡོན་གྱི་ཏང་ཀྲི་པུའུ་བཙུགས་ནས་ལས་གཉེར་པའི་བུ་ཕྲུག་སློབ་གྲྭར་ཞུགས་པ་སོགས་ཀྱི་གནད་དོན་ཐག་བཅད། སྡེ་བ་དང་མཁར་སྡེའི་བདེ་སྐྱིད་ཟ་ཁང་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཅིག་འདོམས་སྐུལ་འདེད་བཏང་བ་དང་། གཞིས་ལུས་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་གང་ལེགས་བྱས་ནས་ལས་གཉེར་པར་སེམས་བདེ་མོས་ལས་བསྐྲུན་བྱེད་དུ་བཅུག གཞན་ཡང་གྲོང་གསེབ་དར་སྤེལ་གྱི་མ་དངུལ་ལ་བརྟེན་ནས་ལོག་དཀར་དང་། སིར་པན་ཕྲ་མོ། ནོར་གནག་སོགས་འདེབས་གསོ་རྟེན་གཞི་བསྐྲུན་ནས། “ཐོན་སྐྱེད་རྟེན་གཞི(ཞིང་ཁྱིམ)དང་ཟོང་རྟགས་ཀུང་ཟི། འཐེན་ཐུག་ཚོང་ཁང་བཅས་ཀྱི་ཐོན་ལས་སྦྲེལ་ཐག་རྣམ་པ་གྲུབ་པ་མ་ཟད། ཟ་ཁང་གིས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་མཉམ་གཉེར་བྱེད་པར་བསྔགས་སྐུལ་བྱས་ཏེ། འཐེན་ཐུག་ཟ་ཁང་དེ་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམ་སྟོན་སྒེའུ་ཁུང་དུ་འགྱུར་བར་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།