མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་སྟོན་དུས་དང་དགུན་དུས་ཀྱི་འགོས་ནད་ཁྱབ་ཚུལ་ལ་ཞིབ་འཇུག་བརྡར་གཅོད་དང་བདེ་ཐང་ཉེན་ཁ་དྲན་སྐུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བར་ལྟར་ན།མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ཁྲིམས་གཏན་འཁེལ་བའི་འགོས་ནད་རིགས24ཀྱི་ནད་པ་ཁྲི4.2ཡར་ཞུ་བྱས་པ་དེ་ན་ནིང་དུས་མཚུངས་ལས་ཇེ་ཉུང་དུ་ཕྱིན་ཡོད། ཡར་ཞུའི་ནད་པའི་གྲངས་ཀྱི་མདུན་གྲས་ལྔ་ནི་ཆམ་ནད་དང་། འགོས་ནད་རང་བཞིན་གྱི་བཤལ་ནད། ནད་དུག་རང་བཞིན་གྱི་མཆིན་ཚད་དང་། རེང་དུག གློ་བའི་འདུས་འདྲིལ་བཅས་ཡིན།
སྟོན་དུས་དང་དགུན་དུས་སུ་དྲོད་ཚད་རིམ་བཞིན་ཇེ་དམའ་རུ་ཕྱིན་ནས་དབུགས་ལམ་གྱི་འགོས་ནད་སྣ་ཚོགས་བརྗེ་རེས་བྱེད་པའམ་ཡང་ན་ཐུན་མོང་དུ་ཁྱབ་པའི་རྣམ་པ་ཐོན་རྒྱུ་ཡིན་པས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་ཡིས་སྔོན་འགོག་ཚོད་འཛིན་ལས་དོན་སྔ་མོ་ནས་བཀོད་སྒྲིག་བཀོད་སྒྲིག་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་དང་ཞིབ་ཕྲ་ལག་བསྟར་བྱས།
འགོས་ནད་ཀྱི་སོ་ལྟ་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ལྟ་ཞིབ་ཚད་ལེན་གྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཁུངས་མང་བའི་གཞི་གྲངས་དབྱེ་ཞིབ་དང་བེད་སྤྱོད་ལ་ཤུགས་སྣོན་བྱེད་པ་དང་། ཁྱབ་ཚུལ་དང་ནད་དུག་གི་གཞན་འགྱུར་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། ཉེན་ཁའི་དཔྱད་དཔོག་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་དུས་ཐོག་རང་བཞིན་དང་ཡང་དག་རང་བཞིན་ཆེ་རུ་གཏོང་བ་དང་། ཉེན་ཁའི་སྣེ་སྟོན་དང་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས། ཞིང་ཆེན་གྱི་གཅིག་གྱུར་འཆར་འགོད་ས་ཁོངས་ཀྱི་འགོས་ནད་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་འཕྲལ་སྡོམ་བཀོད་འདོམས་ཆ་འཕྲིན་སྟེགས་བུ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱིས་འགོས་ནད་རིག་ནུས་ལྟ་ཞིབ་ཚད་ལེན་སྔོན་བརྡ་སྔོན་འགྲོའི་མཉེན་ཆས་ཁྱོན་ཡོངས་ནས་བཀོད་སྒྲིག་བཀོལ་སྤྱོད་བྱས་ཏེ། འགོས་ནད་སོ་ལྟ་ས་སྨན་ཁང་གི་ནད་ཐོག་ནད་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།
རྒན་རྒོན་དང་། རྨང་གཞིའི་ནད་རིགས་ནད་པ། བྱིས་པ། སྨན་བཅོས་མི་སྣ་སོགས་ཚོགས་གཙོ་བོས་རང་འགུལ་ངང་ཆམ་རིམས་དང་། བྲོག་གསར་གློ་ནད། གློ་ཚད་ཟླུམ་སྲིན་སོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་སློང་ཧུར་ཐག་བྱེད་པ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་དང་སྡེ་ཚན་གྱིས་ཉེན་ཁ་ཆེ་བའི་མི་ཚོགས་ལ་རིན་མི་དགོས་པར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་མ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་འགན་ལེན་བྱས་ཏེ་མི་ཚོགས་གཙོ་བོའི་རིམས་འགོག་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་དགོས།
གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས་སོགས་གཙོ་གནད་གནས་ཡུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་གསོག་འཇོག་དང་འཕྲལ་སྡོམ་ལས་དོན་གྱི་སྔོན་ཇུས་བཟོ་བ། བདེ་ཐང་ལྟ་ཞིབ་ཚད་ལེན་ལམ་ལུགས་འཛུགས་པ་སོགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། སྤྱི་སྤྱོད་ཚོགས་ཀྱི་གཙང་སྦྲ་དུག་སེལ་ཡག་པོ་བྱས་ཏེ་རླུང་རྒྱུག་པ་དང་དབུགས་བརྗེ་རེས་བྱེད་ཚད་ཇེ་མང་དུ་གཏོང་དགོས། གློག་རྡུལ་བརྙན་ཤེལ་སོགས་བརྒྱུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྣའི་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་གཏོང་དགོས།
ཞིང་ལས་གྲོང་གསེབ་དང་ནགས་ཚལ་རྩྭ་ས་སོགས་སྡེ་ཚན་དང་མཉམ་དུ་སྲོག་ཆགས་ཀྱི་འབྱུང་ཁུངས་རང་བཞིན་གྱི་འགོས་ནད་དང་རིམས་ནད་ལ་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་བྱས་ཏེ། མི་དང་ཕྱུགས་ལ་མཉམ་དུ་ནད་ཕོག་པའི་ལྟ་ཞིབ་ཚད་ལེན་བྱས་ཚུལ་བརྡ་ཁྱབ་ཡག་པོ་གཏོང་དགོས། སློབ་གསོའི་སྡེ་ཁག་དང་མཉམ་དུ་བྱིས་པ་གསོ་སྐྱོང་ལས་ཁུངས་དང་སློབ་གྲྭར་ཞོགས་པ་དང་ཉིན་དགུང་ཞིབ་བཤེར་དང་ནད་ཕོག་པའི་རྐྱེན་གྱིས་ལས་ཞུགས་མི་ཐུབ་པའི་རྗེས་འདེད་དང་ཐོ་འགོད་ལམ་ལུགས་དོན་འཁྱོལ་ཡག་པོ་བྱ་རྒྱུའི་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། རྒན་གསོ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིས་རྒྱུན་གཏན་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། ཟི་ལིང་གནམ་ཐང་གི་རྒྱལ་ཁོངས་སུ་འཛུལ་བའི་དུས་གཏན་གནམ་གྲུའི་བཙོག་ཆུའི་ནད་གཞི་ཞིབ་དཔྱད་ཚད་ལེན་དང་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཟི་ལིང་འགག་སྒོ་དང་མཉམ་དུ་རིམས་ནད་ཆ་འཕྲིན་དུས་བཀག་བརྡ་ཁྱབ་ལམ་སྲོལ་དང་འགག་སྒོའི་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དཔྱད་དཔོག་ལས་དོན་ལམ་ལུགས་བཙུགས་ནས་ཕྱི་རྒྱལ་གྱི་རིམས་ནད་ནང་འདྲེན་བྱེད་པར་སྔོན་འགོག་ནན་པོ་བྱས། ཞིང་ཆེན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་གྱི་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་སུའོ་ཡི་ལག་རྩལ་འདེགས་སྐྱོར་ལ་བརྟེན་ནས་ཆེད་ལས་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།