མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ལ། མཚོ་སྔོན་ཞིང་ཆེན་དེ་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་སྐས་རིམ་གསར་བར་སླེབས། མིག་སྔར། ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཟིན་ཚད94.23%ལ་སླེབས་པ་དང་། སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཟིན་ཚད་སོགས་དམིགས་ཚད་མང་པོ་ཞིག་གིས་རྒྱལ་ཡོངས་ཀྱི་གོ་གནས་གཙོ་བོ་ཟིན་ཡོད།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ཆ་ནས། སྐྱེ་ཁམས་གོ་གནས་ཧ་ཅང་གཙོ་བོ་བཟུང་ཡོད། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་དག་གཙང་ནུས་ཁུངས་ཀྱི་ལས་འགན་ལ་དམིགས་ནས། ཆུ་ཁུངས་ཕུན་སུམ་ཚོགས་པ་དང་། འོད་ནུས་དང་རླུང་ནུས་འཛོམས་པ། ས་རྒྱ་ཆེ་བ་བཅས་ཀྱི་རང་བྱུང་ཆ་རྐྱེན་བེད་སྤྱོད་ལེགས་པོ་བྱས་པ་དང་། ལྗང་གློག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། མཚོ་ལྷོ་དང་མཚོ་བྱང་གི་སྟོང་ཝ་རིམ་པའི་རྟེན་གཞི་དེ་སྲོག་ཤིང་དུ་བྱས་ཤིང་། ཉེ་འཁོར་ལ་ཕན་ནུས་བསྐྲུན་པའི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་སྒྲིག་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་།
ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་བྱེ་བ་བདུན་དང་ས་ཡ་གཉིས་འབུམ་བཞི་དང་ཁྲི་བཞིར་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་སྤྱིའི་ཟིན་ཚད་ཀྱི་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་གཉིས་གསུམ་ལ་སླེབས་པས། སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཟིན་ཚད་དང་ནུས་ཁུངས་གསར་བའི་གློག་འདོན་ཚད་ཀྱི་ཟིན་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ནི། མཚོ་སྔོན་ནི་དག་གཙང་ནུས་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་རྩིས་གློག་མཐུན་སྦྱོར་སྔོན་བསྐྱོད་དཔེ་སྟོན་ཁུལ་ཐོག་མར་གྱུར་ཡོད། གནས་འདིར་ཐོན་སྐྱེད་བྱས་པའི་ལྗང་མདོག་གློག་ཤུགས་དེས་ཟད་གྲོན་ཆེ་བའི་རྩིས་ནུས་ཐོན་ལས་ཐད་དག་གཙང་གི་སྒུལ་ནུས་བསྣན་པར་བརྟེན། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་སྐུལ་མངོན་འགྱུར་བྱས།