རྨ་ལྷོ་ཁུལ་གྱི་ཚན་ཁག་ཆེན་མོ་བཞིས་ལོ་བརྒྱའི་རྒན་རྒོན་ལ་འཚམས་འདྲི་བྱས་པ།

ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར།

རང་ཚགས་པར་གྱི་འཕྲིན། དགུ་པའི་ཚེས་དགུའི་དུས་ཆེན་སླེབས་པ་དང་བསྟུན། ཀྲུང་ཧྭ་མི་རིགས་ཀྱིརྒན་པ་བཀུར་ཞིང་གུས་པ་དང་།  རྒན་པར་གཅེས་ཤིང་རོགས་རམ་བྱེདཔའི་སྲོལ་བཟང་དར་སྤེལ་གཏོང་ཆེད།  ཟླ10པའི་ཚེས28དང29ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་རྨིན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བཀྲ་ཤིས་ཚེ་རིང་སོགས་ཁུལ་ཚན་ཁག་ཆེན་མོ་བཞིའི་འབྲེལ་ཡོད་མགོ་ཁྲིད་རྣམས་སོ་སོར་གྲོང་ཁྱེར་གཅིག་དང་རྫོང་གསུམ་དུ་བསྐྱོད་དེ་རྒན་རྒོན་ལོ་བརྒྱ་ཅན20ལ་འཚམས་འདྲི་བྱས་ཏེ། ཁུལ་ཡོངས་ཀྱི་རྒན་རྒོན་གྲོགས་པོ་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས།    

ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བ་དང་གཉན་ཐོག་ཤང་སྒོ་དམར་སྡེ་བ་རུ།  ཀྲུའུ་ཀྲན་རྨིན་གྱིས་ལོ་བརྒྱ་ལོན་པའི་རྒན་མོ་བདེ་སྐྱིད་དང་ལྷ་མོ་རྒྱལ་གཉིས་ལ་འཚམས་འདྲི་བྱེད་སྐབས། རྒན་པ་དང་རྒན་པའི་ཁྱིམ་མི་དང་ལྷན་དུ་གླེང་མོལ་བྱས་ཏེ་འཚོ་བ་དང་ལུས་ཕུང་བདེ་ཐང་སྐོར་གྱི་གནས་ཚུལ་ཞིབ་ཏུ་རྒྱུས་བླངས་ཤིང་།  འཚམས་འདྲིའི་དངུལ་དང་འཚམས་འདྲི་དངོས་ཟོང་བྱིན་ནས་རྒན་རྒོན་རྣམས་ཚེ་བསོད་རྒྱས་པའི་སྨོན་འདུན་ཞུས་ལ།  རྒན་རྒོན་གྱི་ལུས་སེམས་བདེ་ཐང་ལ་དོ་ཁུར་སྒོས་འཆམ་མཐུན་གྱི་ཁྱིམ་ཚང་སྐྱོང་དགོས་ཚུལ་ཁྱིམ་མི་དག་ལ་ནན་གྱིས་གདམས།  ཁོས་བསྟན་དོན། རྒན་རྒོན་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། རྒན་རྒོན་ལ་གུས་བཀུར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཡིན་ལ། རྒན་རྒོན་ལ་གཅེས་ཤིང་རོགས་རམ་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒན་གསོ་ཞབས་ཞུའི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྡེ་ཁུལ་གྱི་རྒན་གསོ་དང་ཞིང་སྡེའི་རྒན་བཀུར་གླིང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། རྒན་གསོ་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒན་གསོ་ཁང་སོགས་སྒྲིག་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།  རྒན་གསོ་བདག་སྐྱོང་གི་ལས་རིགས་གསོ་སྦྱོང་སྤེལ་བ། ཞབས་ཞུ་བྱེད་སྟངས་ལེགས་སྒྱུར་བྱེད་པ་བཅས་ལ་བརྟེན་ནས། འཚོ་བར་ལྟ་སྐྱོང་དང་བདེ་ཐང་དོ་དམ། སེམས་ཁམས་གསོ་བ་སོགས་སྣ་མང་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། ལོ་ན་མཐོ་བའི་རྒན་རྒོན་དང་ནུས་མེད་རྒན་རྒོན་ལ་གཅེས་སྐྱོང་རོགས་རམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒན་ཕན་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་བརྒྱུད། རྒན་རྒོན་གྱི་སྨན་བཅོས་དང་ཕྱི་སྐྱོད།  འཚོ་བའི་ལྟ་རྟོག་སོགས་ཐད་ཀྱི་དངོས་ཡོད་དཀའ་ངལ་བསལ་ཏེ་རྒན་རྒོན་ཀུན་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་དང་། ཚེ་མཇུག་གི་འཚོ་བ་སྐྱིད་པོའི་ངང་རོལ་ཐུབ་པར་བྱེད་དགོས་ཟེར།

    བཀྲ་ཤིས་ཚེ་རིང་གིས་ལོ་བརྒྱ་ཅན་གྱི་མི་རྒན་མགོན་པོ་དང་ལྷ་མོ་རྒྱལ་ལ་འཚམས་འདྲི་གནང་སྐབས། རྒན་རྒོན་གྱི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ཐུགས་བརྩེ་བས་བཀའ་འདྲི་གནང་བར་མ་ཟད།  རྒན་རྒོན་ལ་བདག་སྐྱོང་བཟང་པོ་བྱས་ནས་རྒན་རྒོན་གྱི་འཚོ་བ་སྔར་ལས་སྐྱིད་ཅིང་བདེ་ཐང་ཡོང་བར་བྱེད་དགོས་ཚུལ་ཁྱིམ་མི་རྣམས་ལ་ནན་གྱིས་གདམས།

དུས་མཉམ་དུ། ཁུལ་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཝང་རུན་ཡུས་དང་། ཚེ་རིང་བསོད་ནམས།  ཕེང་ཙུའོ་ཝེ། ཁྲེ་ཤང་ཤན། སུང་ཡུང་། པའེ་ཕིང་བཅས་ཀྱིས་ཀྱང་སོ་སོར་འཚམས་འདྲི་བྱེད་སྐབས། ལྷན་དུ་བསྐྱོད་པའི་དམངས་སྲིད་དང་ཤང་གྲོང་རྡལ་སོགས་སྡེ་ཁག་གི་འགན་འཁུར་པ་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས་ཏེ་གཞི་རིམ་གྱི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་ལོ་ན་མཐོ་བའི་རྒན་རྒོན་གྱི་ཁ་གསབ་སྟེར་བ། ཁྱིམ་སྡོད་རྒན་གསོ་སྒོ་བཅར་ཞབས་ཞུ་སོགས་ཀྱི་ལས་དོན་དོན་འཁྱོལ་གནས་ཚུལ་རྒྱུས་བླངས་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་ངེས་པར་དུ་རྒན་རྒོན་ལ་བརྩི་བཀུར་དང་། རྒན་རྒོན་གཅེས་སྐྱོང་། རྒན་གསོ་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ་ལོ་ལོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།