ཟླ10ཚེས27ཉིན་ནས་ཚེས28ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་ཨའོ་མོན་དུ་རྟོག་ཞིབ་དང་སྤེལ་རེས་བྱེད་པར་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཤང་ཀང་དང་ཨའོ་མོན་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཤིང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་མཚོ་སྔོན་དང་ཨའོ་མོན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། ཨའོ་མོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་བཅས་ཀྱིས་སོ་སོ་ནས་འཐུས་མི་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
ཧོ་ཧོའུ་ཧྭ་ཡིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་། ཁོས་འདི་སྐད། མིག་སྔར་མཚོ་སྔོན་ལ་འཕེལ་རྒྱས་ཀྱི་མི་མངོན་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅིང་། མ་དངུལ་གཏོང་འཇོག་གི་བར་སྟོང་རྒྱ་ཆེ་བ་མ་ཟད། མཉམ་ལས་གོ་སྐབས་ཀྱང་ཚད་མེད་ཅིག་ཡོད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ཨའོ་མོན་གྱི་ཁྲོམ་རའི་དགོས་མཁོ་གཉིས་ཀྱི་འདོད་འདུན་ཧ་ཅང་མཐུན་པས་ས་གནས་གཉིས་ཀྱི་ཐོན་ལས་གྲུབ་ཆ་དང་། ཐོན་ཁུངས་ཀྱི་དགེ་མཚན། ས་ཁམས་ཁོར་ཡུག་སོགས་ཀྱི་ཐད་ནས་ཕན་ཚུན་གྱི་དགེ་མཚན་འདོན་སྤེལ་ཆ་ནས་མཉམ་ལས་བྱེད་པར་རྨང་གཞི་ལེགས་པོ་ལྡན། ཨའོ་མོན་གྱི་བཟོ་ཚོང་དང་། ཡུལ་སྐོར། རིག་གནས་སོགས་མངའ་ཁོངས་ཀྱི་མི་སྣས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་འཐབ་ཇུས་གལ་ཆེན་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པ་ལ་སོགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། མཚོ་སྔོན་དང་ཨའོ་མན་ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བསྐྱེད་པ་ལ་གོ་སྐབས་རྩ་ཆེན་པོ་ཞིག་བསྐྲུན་ཡོད་པས། ཕྱོགས་གཉིས་གྱིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཁྲོད་ཀྱི་གོ་སྐབས་གསར་པ་ཁོང་དུ་ཆུད་པ་བྱས་ཏེ། སོ་སོའི་ལེགས་ཆ་དང་དགོས་མཁོར་བརྟེན་ནས་མཉམ་ལས་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དང་མཉམ་ལས་ཀྱི་བར་སྟོང་སྔར་བས་རྒྱ་ཆེར་བསྐྱེད་ནས་ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་དང་མཛའ་གྲོགས་འགྲོ་འོང་གི་ཆུ་ཚད་ཇེ་མཐོར་དང་།མཉམ་ལས་གཉིས་ཕན་ཀྱི་རྣམ་པ་གསར་པ་ལག་གདང་མཉམ་སྦྲེལ་གྱི་བཏོད་ཐུབ་པར་རེ་སྙེག་བྱས་པ་ཡིན་ཞེས་བརྗོད།
ཚེན་ཧའོ་ཧུའེ་ཡིས་ལུའོ་ཏུང་ཁྲོན་གྱིས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཨའོ་མོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཨའོ་མོན་དང་ཧེང་ཆིན་ཡུའེ་ཨའོ་མཉམ་ལས(横琴粤澳深度合作区)གཏིང་ཟབ་ཁུལ་གྱི་འཕེལ་རྒྱས་གསར་ཤོས་དང་མདུན་ལམ་ངོ་སྤྲོད་གནང་། ཁོས་འདི་སྐད། ཨའོ་མོན་ནི་ད་ལྟ་ནུས་ཤུགས་ཡོད་རྒུས“1+4”དཔལ་འབྱོར་སྣ་མང་འོས་འཚམ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཧེང་ཆིན་ཡུའེ་ཨའོ་མཉམ་ལས་གཏིང་ཟབ་ཁུལ་མགྱོགས་པོར་སྐྲུན་པའི་འགག་རྩའི་དུས་མཚམས་ན་གནས་ཡོད་པས། མཚོ་སྔོན་བར་ལ་གཉིས་ཕན་མཉམ་ལས་རྒྱ་སྐྱེད་དང་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་དབར་གྱི་ཚོང་དོན་ཞབས་ཞུའི་སྟེགས་བུ་ཡི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱིས་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་དུ་རྒྱ་ཆེར་སྤེལ་བ་ཞིང་འཚོང་ལམ་གསར་གཏོད་བྱེད་པར་རོགས་རམ་བྱེད་འདོད་ཡོད། དེ་བཞིན་དུ་མཚོ་སྔོན་ལ་སྐྱེ་ཁམས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་ཨའོ་མོན་གྱི་གྲོང་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་དམིགས་ས་ཞིག་ཡིན། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་ལག་གདང་དམ་པོར་སྦྲེལ་ནས་ཡུལ་སྐོར་ཐོན་རྫས་དེ་བས་མང་པོ་གསར་སྤེལ་དང་། ཡུལ་སྐོར་དང་ཞབས་ཞུའི་ལས་རིགས་ཀྱི་མཐོ་རིམ་སློབ་གསོ་དང་ཆེད་ལས་གསོ་སྦྱོང་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། མཚོ་སྔོན་དང་ཨའོ་མོན་གཉིས་ཀྱིས་དགེ་མཚན་གསབ་རེས་དང་ཕན་ཚུན་བར་ནུས་པ་འདོན་སྤྲོད་ཀྱི་ཁྲོད་དུ་འཕེལ་རྒྱས་ཆེན་པོ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་རྒྱུ་དེ་ཡིན་ཞེས་བརྗོད།
ཀྲེན་ཤིན་ཚུང་གིས་འདི་སྐད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ལྷོད་མེད་བྱས་་བར་གྲུབ་འབྲས་གསར་པ་ཐོབ་ཡོད། སྐྱེ་ཁམས་གྱི་ཞིང་ཆེན་ཆེན་པོ་དང་། ཐོན་ཁུངས་གྱི་ཞིང་ཆེན་ཕྱུག་པོ། འཐབ་ཇུས་ཀྱི་ཞིང་ཆེན་གལ་ཆེན་བཅས་ཡིན་པའི་ངོས་ནས་མིག་སྔར་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཨའོ་མོན་ཀྲུང་འབྲེལ་གཞུང་དོན་ཁང་གིས་་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྡིངས་ཆ་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་དང་། རིག་གནས་ཡུལ་སྐོར་མཉམ་སྤེལ། ཀྲུང་ལུགས་གསོ་རིག་དར་སྤེལ། གཞོན་ནུ་ཤེས་ལྡན་པ་བརྗེ་རེས་སོགས་ཐད་ནས་མཉམ་ལས་ཀྱི་འཕར་གཞི་བཏོད་པ་དང་། མཚོ་སྔོན་གྱིས་ཨའོ་མོན་བརྒྱུད་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་བར་གྱི་མཛའ་མཐུན་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་ངེས་ཡིན་ཟེར།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་མངགས་བཅོལ་ལྟར། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མོན་དམིགས་བསལ་ཁུལ་སྲིད་གཞུང་། ཨའོ་མོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་བཅས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་འདི་སྐད། ཨའོ་མོན་གྱིས་མེས་རྒྱལ་རྒྱབ་རྟེན་བྱས་ནས་འཛམ་གླིང་འབྲེལ་བ་བྱེད་ཀྱི་ཡོད་པས་སུས་ཀྱང་ཚབ་བྱེད་མི་ཐུབ་པའི“འབྲེལ་གཏུག་གནད་ཕིགས་མཁན”གྱི་སྣང་བརྙན་དང་ནུས་པ་འདོན་བཞིན་ཡོད་ལ། མཚོ་སྔོན་འཛམ་གླིང་དུ་བསྐྱོད་པའི་འགག་རྩའི“ཟམ་པ”དང“རྟེན་གཞི”གལ་ཆེན་ཞིག་ཡིན། ད་སྔ། མཚོ་སྔོན་དང་ཨའོ་མོན་ས་ཁུལ་གཉིས་ཀྱི་སྤེལ་རེས་ཉིན་རེ་བཞིན་དམ་ཟབ་དང་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་འགྲོ་བཞིན་ཡོད་པས། རེ་བ་ཡིན་ན་ཕྱོགས་གཉིས་གྱིས་རྒྱུན་ལྡན་ཅན་གྱི་འབྲེལ་བའི་ལམ་སྲོལ་བཙུགས་ཏེ། དཔལ་འབྱོར་ཉོ་ཚོང་དང་། མ་དངུལ་གཏོང་འཇོག རིག་གནས་ཡུལ་སྐོར་སོགས་ཕྱོགས་ཀྱི་མཉམ་ལས་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། འབྲེལ་ལམ་ཁག་དང་རིམ་པ་ཁག མངའ་ཁོངས་ཁག་བར་གྱི་མཉམ་ལས་སྤེལ་རེས་དེ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་ཐུབ་པར་སྐུལ་འདེད། ཕྱོགས་ཡོངས་ནས་ཀོང་ཏུང་དང་ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་དང་ཧེང་ཆིན་ཡུའེ་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་ལ་འབྲེལ་མཐུད་བཅས་བྱས་ཐོག ཨའོ་མོན་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་དབར་གྱི་འབྲེལ་བ་དང་འགྲོ་འོང་ཇེ་དམ་དུ་བཏང་སྟེ། ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ལ་བརྟེན་ནས་ཕྱོགས་གཉིས་ཐུན་མོང་ཐོག་གོང་དུ་སྤེལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་ལས་ལྷག་པ་འབུལ་ཐུབ་རྒྱུ་དེ་ཡིན་ཞེས་བརྗོད།
ཨའོ་མན་དུ་སྡོད་པའི་རིང་ལ། འཐུས་ཚབ་ཚོགས་པས་ཨའོ་མོན་དམིགས་བསལ་ཁུལ་སྲིད་གཞུང་གི་དཔལ་འབྱོར་ནོར་སྲིད་སིའི་སི་ཀྲང་ཏའེ་ཅན་ཡེ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས(ཨའོ་མོན) རྒྱུན་གནས་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེན་ཅི་ཞན་ཀྲེང་དང་བཞུགས་མོལ་བྱས་པ་དང་། ཨའོ་མོན་ཧའོ་ཅང་སློབ་འབྲིང་ཁོངས་གཏོགས་ཀྱི་འཇོན་མིའི་སློབ་གྲྭ་དང་། ཀོང་ཏུང་ལྷོ་མའི་ཚན་རྩལ་གླིང་། ནན་ཀོང་སྡོད་ཤོག་ཚད་ཡོད་ཀུང་སི། ཀྲུང་གོའི་དངུལ་ཁང་ཨའོ་མོན་ཡན་ལག་དངུལ་ཁང་བཅས་ལ་བསྐྱོད་དེ། སྲིད་གཞུང་དང་། དཔལ་འབྱོར་ཉོ་ཚོང་། དངུལ་རྩ། ནུས་རྒྱུ་གཙང་མའི་ཐོན་ཁུངས། གནོད་མེད་སྐྱེས་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། སློབ་གསོ། རིག་གནས། ཡུལ་སྐོར་ལ་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་རེས་རབ་དང་རིམ་པ་བྱེད་པར་ཐུན་མོང་ནས་ལྟ་བ་གཅིག་མཐུན་བྱུང་།
ཝང་ཧའེ་ཧུང་བཞུགས་མོལ་ལ་ཞུགས།