མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིགས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ཞིང་ཆེན་བསྡོམས་རྩིས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་དཀར་ཆག(2025ལོའི་པར་གཞི)》པར་འགྲེམས་བྱས་ནས་སྐྱེ་ཁམས་ཐོན་རྫས་བསྡོམས་རྩིས་དང་། རིགས་དབྱེ། རྩིས་གཞི། གདེང་འཇོག་བཅས་ལ་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཆེད་རྨང་གཞི་བཏིང་ཡོད།
《དཀར་ཆག》དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་བསྡོམས་རྩིས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《སྐྱེ་ཁམས་ཐོན་རྫས་དཀར་ཆག(2024ལོའི་པར་གཞི)》རྨང་གཞིར་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་མ་ལག་དེ་ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་། ཞིང་ར། གྲོང་ཁྱེར། འཁྱགས་འཁྱིལ་བཅས་རིགས་ཆེན་པོ་བདུན་དུ་དབྱེ་ཡོད།
《དཀར་ཆག》ལ་ཁྱོན་བསྡོམས་རིམ་གསུམ་དབྱེ་ཡོད། རིམ་པ་དང་པོའི་དཀར་ཆག་ནང་སྐྱེ་ཁམས་ཐོན་རྫས་དེ་དངོས་པོའི་མཁོ་སྤྲོད་རིགས་དང་། སྙོམ་སྒྲིག་ཞབས་ཞུའི་རིགས། རིག་གནས་ཞབས་ཞུའི་རིགས་བཅས་རིགས་གསུམ་དུ་དབྱེ་ཡོད། རིམ་པ་གཉིས་པའི་དཀར་ཆག་དེ་མཚོ་སྔོན་གྱི་ཁྱད་ཆོས་དམིགས་ཚད་དང་ཟུང་འབྲེལ་བྱས་ནས་ནགས་ཚལ་ཐོན་རྫས་དང་། རྩྭ་ས་ཐོན་རྫས། བྱེ་ཐོན་རྫས། ཞིང་ལས་ཐོན་རྫས། ཞིང་ནགས་འབྲོག་ཉ་ལས་ཐོན་རྫས། ཚྭ་མེད་ཆུའི་ཐོན་ཁུངས་ཐོན་རྫས། བསྐྱར་སྐྱེས་ཐུབ་པའི་ནུས་རྫས། སྐྱེ་དངོས་ཀྱི་ནུས་རྫས། ཆུ་ཁུངས་སྲུང་བ། ཆུ་སྤུས་གཙང་སྒྲིགས་རྒྱུ་སྲུང་བ། རླུང་འགོག་བྱེ་བརྟན་པ། ཐཱན་བརྟན་དབྱང་གཏོང་བ། མཁའ་རླུང་གཙང་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཡུལ་སྐོར་བདེ་སྲུང་ཞབས་ཞུ། སྤྲོ་གསེང་ཞབས་ཞུ། ཡུལ་ལྗོངས་གནས་ཐང་འཕར་བའི་ཞབས་ཞུ་སོགས་ཞིབ་ཕྲའི་རིགས་སུ་དབྱེ་ཡོད། རིམ་པ་གསུམ་པའི་དཀར་ཆག་གིས་རིམ་པ་གཉིས་པའི་དཀར་ཆག་གི་རིགས་ལ་ཞིབ་ཕྲ་བཟོས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ《དཀར་ཆག》གི་རྩིས་ཐོའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཚོལ་ཞིབ་དང་འཛུགས་རྒྱུ་དང་། ཉོ་ཚོང་བྱེད་ཆོག་པ་དང་། དངུལ་སྤྱོད། གཏའ་འཇོག་བྱེད་ཆོག་པ་བཅས་ཀྱི་སྐྱེ་ཁམས་ཐོན་རྫས་དེ་བས་མང་བ་སྔོག་འདོན་དང་གསར་སྤེལ་བྱས་ཏེ“རི་བོ་གཉིས”བསྒྱུར་བའི་ཐབས་ལམ་མུ་མཐུད་རྒྱ་སྐྱེད་བཏང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཆགས་རྒྱུར་རོགས་རམ་བྱ་རྒྱུ་རེད།