མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་ལྗང་མདོག་ཧ་ཡང་ཐོན་ལས་ཁྱུ་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དངོས་སུ་སློབ་སྦྱོང་སྤེལ་རེས་ལྟ་ཞིབ་ཚོགས་འདུ་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་འཚོགས། ཐེངས་འདིའི་ཚོགས་འདུའི་ཐོག་ཟི་ལིང་གྲོང་ཁྱེར་གྱི་ཧ་ཡང་ཐོན་ལས་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་བྱ་གཙོ་བོར་བྱས་ནས་ཡུལ་དངོས་སུ་ལྟ་ཞིབ་དང་། ཆེད་དོན་སློབ་སྦྱོང་། གྲོས་སྡུར་སྤེལ་རེས་སོགས་རྣམ་པ་སྣ་མང་བརྒྱུད་ཧ་ཡང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་སྤེལ་རེས་སྟེགས་བུ་བཙུགས།
ཚོགས་ཞུགས་མི་སྣས་ཀྲུང་གོ་ཧ་ཡང་མཚོ་སྔོན་ཡན་ལག་ཀུང་སི་དང་། རྟ་ཐང་རྫོང་ཧ་ཡང་ཐོན་ལས་རྟེན་གཞི། ཨོའུ་ནའེ་ཐེ་སྐུད་ཚོགས་པ་ཚད་ཡོད་ཀུང་སི། ལྗང་མདོག་གློག་ཧ་ཡང་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་དང་། ཧ་ཡང་ཐོན་སྐྱེད་ནུས་ཤུགས་རིམ་འཇུག་རིམ་སྤོར། ཧ་ཡང་ཐོན་ལས་སྣུར་སྲིང་འཕེལ་རྒྱས། ལྗང་མདོག་བཟོ་གྲྭ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། བཞུགས་མོལ་སྤེལ་རེས་ཀྱི་ལྷུ་ཚིགས་སུ་ཀྲུང་ནན་སློབ་ཆེན་ལྕགས་བཞུ་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཙོའུ་ཀྲུང་གདན་འདྲེན་ཞུས་ནས་གློག་འབྱེད་ཧ་ཡང་རིག་ནུས་བཟོ་སྐྲུན་གྱི་འགག་རྩའི་ནང་དོན་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ་ཧ་ཡང་ཐོན་ལས་ཁེ་ལས་ལ་རིག་ནུས་བཟོ་སྐྲུན་གྱི་ལག་ལེན་ཐབས་ལམ་གསལ་པོ་བཟོས་ཡོད། དེ་རྗེས་རྟ་ཐང་རྫོང་སྲིད་གཞུང་དང་ཀྲུང་གོ་ཧ་ཡང་མཚོ་སྔོན་ཡན་ལག་ཀུང་སི་སོགས་ཀྱིས་ལྗང་མདོག་གློག་ཧ་ཡང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ།ཐོན་རྫས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་ཧ་ཡང་ཐོན་ལས་མཐོ་རིམ་ཅན་དང་། ལྗང་མདོག་ཅན། རིག་ནུས་ཅན་བཅས་ཀྱི་རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཉམས་མྱོང་དང་ཕན་འབྲས་མཉམ་སྤྱོད་བྱས།
ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་ནས་ནུས་ཁུངས་གསར་པའི་རླངས་འཁོར་དང་། འོད་འཕེལ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་རྩེར་སོན་ཧ་ཡང་རྒྱུ་ཆའི་དགོས་མཁོ་དམ་འཛིན་བྱས་ཏེ།ཐོན་ལས་འབྲེལ་ཐག་གི་གོང་འོག་ཁེ་ལས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧ་ཡང་ཐོན་ལས་དེ་“གསར་པའི”ཕྱོགས་སུ་རིམ་སྤོར་དང་།“ལྗང་གཞོའི”ཕྱོགས་སུ་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། རྩེར་སོན་བསྲེས་ལྕགས་རྒྱུ་ཆ་གསར་པའི་རྣམ་གྲངས་བཀོད་སྒྲིག་ཧུར་ཐག་བྱས་ཏེ། ཟམ་པའི་ཧ་ཡང་ཏུན་ཁྲི་50དང་། པའེ་ཧོ་ཏུན་ཁྲི50། རྨ་ཆུ་ཤིན་ཡེ་ཏུན་ཁྲི་55བཅས་ཀྱི་གློག་འབྱེད་གཞོང་600KAགི་ཐོན་སྐྱེད་ནུས་ཤུགས་བརྗེ་རེས་སོགས་རྣམ་གྲངས་གཙོ་གནད་དུ་འཆར་འགོད་ལག་བསྟར་བྱས་ཏེ། ཧ་ཡང་ཐོན་ལས་དེ་རྩེར་སོན་ཅན་དང་།རིག་ནུས་ཅན།ལྗང་མདོག་ཅན།འཁོར་སྐྱོད་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་།ཐོན་ལས་ཀྱི་མཉེན་ཆ་དང་ལྟེ་བའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལྗང་མདོག་གློག་ཤུགས་ཐོན་ཁུངས་གཞིར་བཟུང་གྲོང་ཁྱེར་ཡོངས་ཀྱིས་ལྗང་མདོག་གློག་ཤུགས་ཧ་ཡང་གི་ལྟེ་བའི་ཐོན་སྐྱེད་ཁེ་ལས4དང་ལྗང་མདོག་གློག་ཤུགས་ཧ་ཡང་གི་དཔེ་སྟོན་ཐོན་སྐྱེད་ཁེ་ལས1ཁས་ལེན་བྱས་ཡོད། ཀན་ཧོ་བཟོ་ལས་གླིང་ཁུལ་དང་པེ་ཁྲོན་བཟོ་ལས་གླིང་ཁུལ་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་ཤུགས་ཧ་ཡང་གི་ལྟེ་བའི་ཐོན་སྐྱེད་རྟེན་གཞི་ཁག་དང་པོའི་གདེང་འཇོག་ཐོབ།ཏ་ཐུང་རྫོང་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་གློག་ཤུགས་ཧ་ཡང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་དང་པོ་ལ་གདེང་འཇོག་ཐོབ། གློག་འབྱེད་ཧ་ཡང་ལས་རིགས་ཀྱི་ལྗང་མདོག་གློག་ཤུགས་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་རྒྱུན་འཁྱོངས་བྱས་ཡོད། མིག་སྔར།གྲོང་ཁྱེར་ཡོངས་སུ་གློག་འབྱེད་ཧ་ཡང་ཏུན་ཁྲི་255དང་། ཧ་ཡང་རྒྱུ་ཆ་ཏུན་ཁྲི་280.7། ཧ་ཡང་ལྕགས་ཏུན་ཁྲི་18.7། གློག་སྐུད་དང་གློག་ཐག་སྨི་ཁྲི20400བཅས་ཀྱི་ཐོན་ནུས་ཆགས། ད་ལོའི་ཟླ་དང་པོ་དགུ་རིང་ཧ་ཡང་ཐོན་ལས་ཀྱི་གཏན་འབེབས་ཐོག་གི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར584.02ལེགས་འགྲུབ་བྱུང་བ་དེས་གྲོང་ཁྱེར་ཡོངས་ཀྱི་གཏན་འབེབས་ཐོག་གི་བཟོ་ལས་ཐོན་རྫས་རིན་ཐང་གི་38.7%བཟུང་ཡོད།
ཐེངས་འདིའི་ལྗང་མདོག་ཧ་ཡང་ཐོན་ལས་ཁྱུ་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དངོས་སུ་སློབ་སྦྱོང་སྤེལ་རེས་ལྟ་ཞིབ་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པས་ཟི་ལིང་གྲོང་ཁྱེར་གྱི་ཧ་ཡང་ཐོན་ལས་ཀྱི་རིམ་སྤོར་སྒྱུར་བཀོད་དང་། ལྗང་མདོག་ཐཱན་ཉུང་བ། གྲངས་འཛིན་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་ཤོས་མངོན་པ་མ་ཟད། ལས་རིགས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་ཡང་གཅིག་གྱུར་བྱུང་ཡོད། གོམ་སྟབས་རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་ལྟ་སྐོར་དང་སྤེལ་རེས་གོ་སྐབས་སུ་བརྩིས་ནས་གསར་གཏོད་སྐུལ་སྒུལ་ལ་ཤུགས་སྣོན་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། རྩེར་སོན་བཟོ་སྐྲུན་དང་ནུས་རྒྱུ་གསར་པ་སོགས་ཉེར་སྤྱོད་ཁྱབ་ཁོངས་གཏིང་ཟབ་སྤེལ་བ། ཐོན་ལས་འབྲེལ་ཐག་མཐུན་སྦྱོར་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཧ་ཡང་ཐོན་རྫས་ཟུར་སྣོན་རིན་ཐང་མཐོ་བ་དང་ལྗང་མདོག་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་སྟོབས་ཤུགས་འབུལ་རྒྱུ་རེད།