མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས24ཉིན་ལ། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་གཉིས་ཀྱིས་པེ་ཅིང་དུ་ཞིང་ཆེན་དང་པུའུ་གཉིས་ཀྱི་མཉམ་ལས་བཞུགས་མོལ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་གཤིས་བརྟག་དཔྱད་ཀྱི་ལས་ཀའི་སྐོར་ལ་གནང་བའི་སློབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས་སུ་གསུང་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་ནས་ལག་ལེན་མཐར་ཕྱིན་དང་། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལག་ལེན་དོན་འཁྱོལ་བཅས་བྱས་ཏེ། འཐབ་ཇུས་མཉམ་ལས་གཏིང་ཟབ་སྤེལ་ནས་མཉམ་དུ་གནམ་གཤིས་བརྟག་དཔྱད་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་ལ་ཇུས་འདོན་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ཀྲུང་གོའི་གནམ་གཤིས་བརྟག་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཁྲེན་ཀྲེང་ལིན་རྣམ་གཉིས་བཞུགས་མོལ་ལ་ཞུགས་པར་མ་ཟད་གཏམ་བཤད། ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཚབ་བྱས་ཏེ། ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་འདི་སྐད། གནམ་གཤིས་བརྟག་དཔྱད་ཀྱི་ལས་ཀ་འདི་ཚེ་སྲོག་གི་བདེ་འཇགས་དང་ཐོན་སྐྱེད་གོང་སྤེལ། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་སྤུས་ལེགས་བཅས་ལ་འབྲེལ་བས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་བཏང་བའི་ཁྲོད་གོ་གནས་གལ་ཆེན་ཟིན། ཉེ་བའི་ལོ་རིང་ལ། བློ་མཐུན་ཞི་ཅིན་ཕིང་ལྟེ་བར་བཟུང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་། ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་མགོ་ཁྲིད་འོག མཚོ་སྔོན་གྱི་གཤམ་གཤིས་བརྟག་དཔྱད་བྱ་གཞག་ལ་ཡར་རྒྱས་ཆེན་བྱུང་ནས་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་བཏོན། དུས་རབས་གསར་པའི་རྒྱང་ལམ་གསར་བར་ཁ་ཕྱོགས་ནས་ང་ཚོས་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་དང་ལག་གདང་མཉམ་སྦྲེལ་བྱས་ཏེ། ཞིང་ཆེན་དང་པུའུ་གཉིས་ཀྱི་མཉམ་ལས་གྲོས་ཆིངས་ལག་ལེན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་གནམ་གཤིས་བརྟག་དཔྱད་ཀྱིས་འདེགས་སྐྱོར་དང་། གནམ་གཤིས་བརྟག་དཔྱད་ཀྱི་ཞབས་ཞུ་སྤུས་ལེགས་འདོན་པའི་ཆུ་ཚད་མཐོར་འདེགས། གནམ་གཤིས་བརྟག་དཔྱད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཇེ་དྲག གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་སྔོན་འགོག་གི་སྲུང་རགས་སྲ་བརྟན་བཅས་གཏང་བ་ལ་ཤུགས་ཆེན་པོ་རྒྱག་རྒྱུ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་སྐྲུན་བྱེད་པའི་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ཐོག མཚོ་སྔོན་གྱི་གནམ་གཤིས་བརྟག་དཔྱད་དེང་རབས་ཅན་དུ་འགྱུར་བའི་སྐས་རིམ་གསར་པར་སྙེག་པར་མུ་མཐུད་དུ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བརྗོད།
ཁྲེན་ཀྲེང་ལིན་གྱིས་འདི་སྐད། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་ཡོད་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཁུལ་གྱི་ལྟེ་བ་ཡིན་པས། གནམ་གཤིས་བརྟག་དཔྱད་ཀྱི་ལས་ཀ་གོང་དུ་སྤེལ་བར་མཚོན་ན་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་གནམ་གཤིས་བརྟག་དཔྱད་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བ་ལ་ཡང་འབྲེལ་བ་དམ་པོ་ཡོད། 2023ལོའི་ཟླ12པར་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་ལས་གྲོས་ཆིངས་བཞག་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་གཉིས་ཀྱིས་ལག་ལེན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་པས་ལས་ཀ་དངོས་ལ་གྲུབ་འབྲས་ཐོབ་པ་དང་། མཚོ་སྔོན་གྱི་གནམ་གཤིས་བརྟག་དཔྱད་བྱ་གཞག་ལ་སྐུལ་འདེད་བཏང་བར་སྔ་ན་མེད་པའི་འཕེལ་རྒྱས་བྱུང་། མགོ་ཡག་པོ་ཞིག་ཚུགས་པའི་ལྟས་འདི་དང་བརྟེན་ནས་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོ་ཐད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། སྲིད་ཇུས་དང་མ་དངུལ། ལས་གཞི། ལག་རྩལ། འཇོན་མི། ཚན་ཞིབ་ལ་སོགས་ཕྱོགས་ལ་མུ་མཐུད་ནས་རྒྱབ་སྐྱོར་དང་མཉམ་ལས་ལ་ཤུགས་འདོན་རྒྱུ་དང་། གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་སྔོན་འགོག་གི་སྲུང་རགས་དང་པོ་མུ་མཐུད་ནས་སྲ་བརྟན་དུ་བཏང་སྟེ། གནམ་གཤིས་བརྟག་དཔྱད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་འགན་སྲུང་བྱེད་པའི་མཚོ་སྔོན་གྱི་མ་དཔེ་བཏོད་ནས་གནམ་གཤིས་བརྟག་དཔྱད་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་རྣམ་པ་གསར་པ་བསྐྲུན་པ་སོགས་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་བྱ་གཞག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལེའུ་བརྩམ་པར་ལག་རྗེས་ཆེན་པོ་འཇོག་འཆར་ཡོད་ཅེས་བསྟན།
ཚོགས་ཐོག་ཏུ་ཕྱོགས་གཉིས་ཀས་གནམ་གཤིས་བརྟག་དཔྱད་ཕྱོགས་ཀྱི་ཚན་རྩལ་གསར་གཏོད་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་ཁམས་གནམ་གཤིས་བརྟག་དཔྱད་ཀྱི་འགན་སྲུང་། གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་གནོད་སེལ། གནམ་གཤིས་བརྟག་དཔྱད་ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་གཏོང་བ་བཅས་ལ་སྔར་ལས་སྐུལ་འདེད་དང་། མཚོ་བོད་མཐོ་སྒང་གི་གོ་ལའི་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས། འགན་སྲུང་ལམ་ལུགས་འཐུས་ཚང་བཅས་སུ་བཏང་ནས་མཉམ་དུ་གནམ་གཤིས་བརྟག་དཔྱད་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས་པ་གསལ་འབེབས་བྱས།
བཞུགས་མོལ་གྱི་སྔོན་ལ་ལའོ་ཏུན་ཁྲོན་འཁོར་དང་བཅས་པ་རྒྱལ་ཁབ་གནམ་གཤིས་ཆ་འཕྲིན་ལྟེ་གནས་ཆ་འཕྲིན་ཅན་འགྱུར་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་གཟིགས་པ་དང་། གནམ་གཤིས་བརྟག་དཔྱད་བྱ་གཞག་གི་ལོ་ངོ80རིང་གི་གྲུབ་འབྲས་འགྲེམ་སྟོན་དང་ཞིང་ཆེན་དང་པུའུ་ཡི་མཉམ་ལས་གྲུབ་འབྲས་མཚོན་པའི་དངོས་བཤུས་གློག་བརྙན་བཅས་ལ་གཟིགས་ནས་ཡུལ་དངོས་སུ་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་མཛད།
ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་མགོ་ཁྲིད་སུང་ཧྲན་ཡུན་བཅས་ཞུགས།