སྐོར་ཞིབ་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་རང་འགུལ་གྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་ནས། སློབ་སྦྱོང་ལ་བརྟེན་ནས་སྐོར་ཞིབ་ལ་སྐུལ་འདེད་གཏོང་བ་དང་སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཟླ10པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་སྐོར་ཞིབ་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱི་ལས་བྱེད་པ་བརྒྱ་དང་ལྔ་བཅུ་ལྷག་གསོ་སྦྱོང་ལ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་སྐུལ་སློང་གཏམ་བཤད་བྱས།
ཐེངས་འདིའི་གསོ་སྦྱོང་གིས་དངོས་འཐབ་དངོས་སྤྱོད་ལ་དམིགས་ནས། གསོ་སྦྱོང་སྐབས་སུ་ཀྲུང་དབྱང་གི་སྐོར་ཞིབ་ལ་ཞུགས་མྱོང་བའི་བློ་མཐུན་གཉིས་ཀྱིས་རང་གི་མྱོང་ཚོར་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་སྐོར་ཞིབ་ཀྱི་དུས་རིམ་གསུམ་དང་གོ་རིམ་ཉེར་དགུ། བྱ་བ་གཙོ་བོ་སོ་བཞིར་དམིགས་ཏེ་ཡུལ་དངོས་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཆབ་སྲིད་ལྟ་སྐུལ་དང་གནད་དོན་རྙེད་པ། གྲོས་མོལ་ཐབས་ལམ། སྙན་ཞུ་འབྲི་བ་སོགས་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་ཁྲིད་བྱས་པ་དང་། སྐོར་ཞིབ་གཞུང་སྒྲུབ་ཁང་ལས་སྒོ་ཁྲུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཐེངས་འདིའི་སྐོར་ཞིབ་ཀྱི་ལྟ་སྐུལ་གཙོ་གནད་དང་ཁྱབ་ཁོངས། བྱེད་ཐབས། བྱ་བ་གཙོ་བོའི་གོ་རིམ་བཅས་འགྲེལ་ཀློག་ཟབ་མོ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྱོད་དོན་ལྟ་སྐུལ་དོ་དམ་ཁང་གི་འགན་ཁུར་བློ་མཐུན་གྱིས་བྱ་བ་དངོས་དང་ཟུང་འབྲེལ་གྱིས་གནད་དོན་གྱི་ཁུངས་སྣེ་རྙེད་པ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ། ར་སྤྲོད་བྱེད་པ་སོགས་ཀྱི་འཐབ་ཇུས་བྱེད་ཐབས་སྐོར་སློབ་ཁྲིད་བྱས་ནས། སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་ལས་སྒོའི་ཚན་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས།
རྒྱ་ཆེའི་གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་གསོ་སྦྱོང་ལ་བརྟེན་ནས་ལས་སྒོའི་རྩལ་ནུས་སྔར་ལས་ཇེ་མཐོར་སོང་ལ། ཐེངས་འདིའི་སྐོར་ཞིབ་བྱ་བ་ལེགས་པོར་སྒྲུབ་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བསྐྱེད། གོ་རིམ་རྗེས་མར། སློབ་སྦྱོང་གི་གྲུབ་འབྲས་སྐོར་ཞིབ་ལག་ལེན་ཁྲོད་བེད་སྤྱོད་བྱེད་པ་དང་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་བྱེད་པ། ལྷག་བསམ་རྣམ་དག་གིས་རང་གི་འགན་ནུས་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བྱ་བའི་སྒྲིག་ཁྲིམས་ནན་མོ་དང་ཏན་ཏིག་གི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་རང་ཞིང་གི་སྐོར་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།