ཟླ10བའི་ཚེས24ཉིན། 2025ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་གླེ་གཞུག་སྡེ་བ་རུ་སྤེལ། རྫོང་ཡོངས་སུ་བསྡོམས་པས་མི་སྟོང་གཅིག་དང་ཉིས་བརྒྱ་བྱ་འགུལ་ལ་ཞུགས་ཡོད་པ་དང་། སྡོང་རྐང་འབུམ་གཅིག་དང་ཁྲི་ལྔའི་འོས་འགན་སྡོང་འཛུགས་ཡོངས་འགྲུབ་བྱ།
ཐེངས་འདིའི་སྟོན་དུས་ཀྱི་སྡོང་འཛུགས་བྱ་བས་རྨ་ཆུའི་བཞུར་བརྒྱུད་དང་། གཞུང་ལམ་འགྲམ་བརྒྱུད། ཡུལ་ཚོ་དང་གྲོང་བརྡལ་གྱི་རི་ཁུལ་བཅས་ས་ཁོངས་གཙོ་བོར་བཟུང་སྟེ། ཐང་རྒོད་སོགས་བཀོལ་ཆོག་པའི་བར་སྟོང་བེད་སྤྱོད་གང་ལེགས་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་བཏང་།
ཉེ་བའི་ལོ་འགའི་རིང་། གཅན་ཚ་རྫོང་གིས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེ་ཤོས་སུ་བརྩིས་ནས། ནགས་ཚལ་དང་རྩྭ་ཐང་། བརླན་ས་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྲུང་སྐྱོབ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བཅས་ལ་གཅིགས་འདོམས་སྒོས་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་གཉིས་བཞི་བརྒྱར་བསླེབས་ཡོད་ལ། རྩྭ་ཐང་གིས་རྒྱ་ཁྱོན་སྤྱི་ཆིང་ཁྲི་བརྒྱད་སྟོང་གསུམ་ཡིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་དགུ་བརྒྱ་སོ་གསུམ་དང་གྲངས་ཆུང་གསུམ་གསུམ་ལ་བསླེབས་ཡོད་ཅིང་། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་དྲུག་གཉིས་ཡིན་པ་དང་། རྩྭ་ཐང་གི་སྤང་ཤུན་ཁེབས་ཚད་བརྒྱ་ཆའི་རེ་བཞི་དང་གྲངས་ཆུང་གཉིས་ཡིན་ལ། སྐྱེ་དངོས་སྣ་མང་ཅན་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་ཐོབ་པ་དང་། སྐྱེ་ཁམས་འགོག་ར་ཉིན་རེ་བཞིན་ཇེ་བརྟན་དུ་སོང་ནས། རྨ་ཆའི་འབབ་བརྒྱུད་ཀྱི་རྨ་ལྷོའི་མཚམས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རའི་ཐོག་མའི་རྣམ་པ་གྲུབ་ཡོད་པ་དང་ས་ཁོངས་ཀྱི་ཆུའི་གསོག་ཚད་ནུས་པ་མངོན་གསལ་མཐོ་རུ་ཕྱིན།
ད་ལྟ་སྟོན་ཁའི་ནགས་སྐྲུན་ལྗང་བསྒྱུར་གྱི་དུས་སྐབས་ལེགས་ཤོས་ཡིན་པ་དང་། སྐྱེ་ཁམས་འཛུགས་སྐྲུན་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་གལ་འགངས་ཆེ་བའི་དུས་སྐབས་ཡིན་ལ། གཅན་ཚའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།