ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨ་ལྷོའི་ཚོགས་རའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་ཁྲོད་རང་འགུལ་ངང་འདྲེས་བར་བྱས་ནས། དག་གཙང་ནུས་ཁུངས་ཀྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་ས་ཡ་གསུམ་དང་འབུམ་བདུན་ཁྲི་དགུ་ལ་སླེབས། འཆར་འགོད་དེ་ཉིས་སྟོང་སོ་ལྔ་ལོའི་བར་དུ། གསར་སྤེལ་བྱས་ཆོག་པའི་དག་གཙང་ནུས་ཁུངས་ཀྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་དེ་སྟོང་ཝ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཅིག་དང་སྟོང་གཉིས་ལ་སླེབས་རྒྱུ་རེད་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་རྗེས་སུ་ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་རྟེན་གཞིའི་ཨང་གསུམ་པའི་གོ་གནས་བརྟན་སྲུང་བྱས་ཏེ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་རེད།
ད་ལོ་ནས་བཟུང་། རྨ་ལྷོ་ཁུལ་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཡོད། ཕྱོགས་གཅིག་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཡོངས་འགྲུབ་བྱས་ཏེ་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་བསྡོམས་འབོར་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་བཏང། ཕྱོགས་གཞན་ཞིག་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་ངང་བརྟན་དུ་ཕྱིན་པ་སྟེ། ཉིན་མཐའ་ཆུ་ཤུགས་གློག་ཁང་དང་སྔོ་རྒྱའི་འགག་སོགས་ཆུ་འདོན་གློག་གསོག་ཁང་གསུམ་གྱི་སྔོན་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། གཅན་ཚའི་ཐང་ཉི་འོད་སྟོང་ཝ་ཁྲི་30དང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རླུང་ནུས་སྟོང་ཝ་ཁྲི25། རེབ་གོང་གཉན་ཐོག་ནུས་གསོག་གློག་འདོན་ཁང་། རྩེ་ཁོག་གློག་སྐྱེལ་དང་གློག་སྒྱུར་འཕྲུལ་འཁོར་སྟོང་ཝ330སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་རྒྱུན་མཐུད་ངང་ཁ་བསྣོན་བྱས་ཡོད།
དོ་ཁུར་བྱེད་འོས་པ་ཞིག་ནི་རྨ་ལྷོ་ཁུལ་གྱིས་ཐོན་ལས་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་པའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། དེའི་ཁྲོད“བྱེ་ཐང་དང་ཐང་སྟོང”རྟེན་གཞི་ཆེན་པོའི་ཆ་ཚང་བའི་རླུང་གློག་རྣམ་གྲངས་ལ་བདེ་བླག་ངང་རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ཞིབ་བཤེར་ཐོབ་ཡོད། རྣམ་གྲངས་དེ་ལེགས་གྲུབ་བྱས་ནས་སྤྱོད་འགོ་ཚུགས་རྗེས་རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གསུམ་པ་བསྐྲུན་པའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་འགག་རྩའི་འདེགས་སྐྱོར་འདོན་སྤྲོད་བྱེད་ཐུབ།