མང་རྫོང་གི་གཙགས་དྲུབ་གསར་གཏོད་རྒྱན་གོས་འཁྲབ་སྟོན་སྤེལ་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10བའི་ཚེས23ཉིན།  རྒྱལ་ཁབ་ཀྱི་ཤུལ་བཞག་རླབས་རྒྱུན་ཏེ་མཐོ་སྒང་གི་སྐར་མ་འོད་ཆེན་ཅེས་པའི་མང་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་འཐུས་ཚབ་རྣམ་གྲངས་མང་རྫོང་བོད་རིགས་ཀྱི་གཙགས་དྲུབ་རིག་གནས་ཟོང་རྟགས་འཛུགས་བསྐྲུན་བྱེད་པའི་བྱ་འགུལ་རབ་དང་རིམ་པའི་ཁྲོད་ཀྱི་ཀོས་ནན་གྱི་གཙགས་དྲུབ་གསར་གཏོད་རྒྱན་གོས་འཁྲབ་སྟོན་བྱ་འགུལ་ཀོས་ནན་རྫོང་འཆམ་མཐུན་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས།

ཐེངས་འདིའི་འཁྲབ་སྟོན་དེ་གནའ་བོའི་རྒྱང་འབོད་དང་། སྲོལ་བཟང་རྒྱུན་འཛིན། མ་འོངས་གདོང་གཏོད་བཅས་ལེའུ་ཆེན་མོ་གསུམ་གྱིས་གྲུབ་ཡོད་པ་དང་། གྱོན་གོས་འགྲེམས་སྟོན་གྱི་སྒྱུ་རྩལ་རྣམ་པས་མང་རྫོང་གི་གཙགས་དྲུབ་ལོ་རྒྱུས་བརྒྱུད་རིམ་དང་གསར་གཏོད་ལམ་བུ་གཅིག་ཏུ་བརྒྱུས་ཡོད། གནའ་བོའི་རྒྱང་འབོད་ཅེས་པའི་ལེའུ་ནང་གནའ་བོའི་གོང་བསྣོལ་གྱོན་གོས་དང་། གྱོན་གོས་རིང་པོའི་རྣམ་པ་དེ་དེང་རབས་གྱོན་ཆས་ཀྱི་ལངས་གཟུགས་འདྲ་བཟོ་དང་བཟོ་དབྱིབས་ཇུས་འགོད་དང་འབྲེལ་མཐུད་གང་ལེགས་བྱས་ཡོད། ཤོམ་པས་མཉམ་འདྲེས་གྱོན་ཆས་གྱོན་ནས་དལ་མོར་འགྲོ་སྐབས། སྲོལ་རྒྱུན་གྱི་རི་མོའི་སྒམ་བརླིང་གི་རྣམ་པ་དང་དེང་རབས་ཀྱི་ཐིག་རིས་གཉིས་གཅིག་ལས་གཅིག་ལྷག་ཡིན་ལ། མི་རིགས་གྱོན་ཆས་ཀྱི་གདོད་མའི་ཉམས་སྣང་ལ་གར་སྟེགས་སྟེང་འོད་མདངས་རབ་ཏུ་འཚེར་བར་བྱས་ཡོད།  སྲོལ་བཟང་རྒྱུད་འཛིན་ཅེས་པའི་ལེའུ་ནང་བོད་ཀྱི་འཚེམ་དྲུབ་ཀྱི་རི་མོ་གཙོ་བོ་དག་གནད་སར་བཟུང་ཡོད་པ་དང་། རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རྒྱུན་འཛིན་པ་གཙགས་དྲུབ་ནང་ཞུགས་ནས་བཀྲ་ཤིས་རྟགས་བརྒྱད་སོགས་བཀྲ་ཤིས་མཚོན་དོན་ལྡན་པའི་སྲོལ་རྒྱུན་རི་མོ་དག་དར་གོས་སྟེང་དུ་བསྐྱར་དཔར་བྱས་ཡོད། མ་འོངས་གདོང་གཏད་ཅེས་པའི་ལེའུ་དེས་སྲོལ་རྒྱུན་གསར་གཏོད་ཀྱི་མཐའ་མཚམས་ལས་བརྒལ་ནས་ཇུས་འགོད་ཚོགས་པས་མང་རྫོང་གི་ཨ་མྱེས་བྲག་དཀར་གངས་རིའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དེ་ཇུས་འགོད་ཀྱི་སྐད་བརྡར་བསྒྱུར་ནས། གསར་གཏོད་ལྡན་པའི་སྒོ་ནས་གཙགས་དྲུབ་ཀྱི་ལྭ་བའི་ཕྲག་པ་དང་ཕུ་ཐུང་སོགས་ཞིབ་ཕྲའི་གནས་སུ་མངོན་པར་བྱས་པ་དང་། ས་ཁོངས་ཀྱི་མཛེས་ལྗོངས་དང་གཟུགས་འདས་རིག་གནས་ཤུལ་བཞག་ལག་རྩལ། དར་སྲོལ་ཆེ་བའི་མཛེས་དཔྱོད་རིག་པ་བཅས་གསུམ་མཉམ་འདྲེས་བྱས་ཏེ། མང་རྫོང་གི་གཙགས་དྲུབ་དེ་སྲོལ་རྒྱུན་གྱི་ལག་རྩལ་ནས་དུས་རབས་ཀྱི་མཚོན་རྟགས་སུ་འགྱུར་བའི་རྣམ་པ་ཐད་ཀར་དུ་མངོན་པར་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།