མཚོ་བྱང་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་དངུལ་སྟེར་བའི་བྱ་བ་ཕྱོགས་ཡོངས་ནས་ལེགས་པར་གྲུབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན་བར་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས2025ལོའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་དངུལ་སྟེར་བའི་བྱ་བ་ཕྱོགས་ཡོངས་ལེགས་པར་གྲུབ་ཤིང་། དེས་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས49200ལ་ཕན་པ་བསྐྲུན་པ་དང་།མ་དངུལ་སྒོར་ཁྲི24093.65སྤྲད།

ད་ལོར། མཚོ་བྱང་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་སྐོར་གསུམ་པ་དངོས་འབེབས་གཏིང་ཟབ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་དོན་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གཉིས་མཉམ་དུ་འཕེལ་བར་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་དོན་ཁག་སོ་སོར་སྐུལ་འདེད་ཏན་ཏིག་བཏང་། དེའི་ཁྲོད་རྒྱ་མདོ་ཧོས་རིགས་རང་སྐྱོང་རྫོང་གིས་དོན་དངོས་ཐོག་སྒོར་ཁྲི2647.76སྤྲད་པ་དང་། མདོ་ལ་རྫོང་གིས་དོན་དངོས་ཐོག་སྒོར་ཁྲི9288.3སྤྲད། རྐང་ཚ་རྫོང་གིས་དོན་དངོས་ཐོག་སྒོར་ཁྲི3650.33སྤྲད། མདའ་བཞི་རྫོང་གིས་དོན་དངོས་ཐོག་སྒོར་ཁྲི8507.26སྤྲད། ནོར་སྲིད་ཐད་མ་དངུལ་སྒོར་ཁྲི41.35སྤྲད། མ་དངུལ་དེ་དག་སྐོར་ཁག་གཉིས་སུ་བགོས་ནས“གཅིག་གྱུར་དངུལ་བྱང“གི་མ་ལག་སྤྱད་དེ། ཐད་ཀར་རོང་འབྲོག་པའི་དངུལ་བྱང་ཐོག་བསྐུར་བ་དང་། “སྟེར་དགོས་པའི་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་མངོན་འགྱུར་བྱས།“

ད་ལོ་ནི་རེས་སྐོར་གསུམ་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་མཇུག་མཐའི་ལོ་ཡིན་པས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་དོན་འདིར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འབྲོག་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། སྐྱེ་ཁམས་དང་དམངས་ཚིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ཡོད། ལས་དོན་སྐུལ་སྤེལ་གྱི་ཁྲོད་དུ། སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་ རྩྭ་ས་འགན་གཙང་གཉེར་གྱི་དབང་ཆ་གཏན་འཁེལ་བྱས་པའི་གྲུབ་འབྲས་ལ་བརྟེན་ནས། མ་དངུལ་གཏོང་སྤྲོད་ཀྱི་གསལ་ཁྲ་ཞིབ་ཚགས་སུ་བཅོས་པ་དང་། “འབྲོག་པའི་ཁྱིམ་ཐོ་རེ་ཞུ་དང་སྡེ་བ་རིམ་པའི་ཐོག་མའི་ཞིབ་བཤེར། གྲོང་རྡལ་རིམ་པའི་བསྐྱར་བཤེར། རྫོང་རིམ་པའི་མཐའ་བཤེར། སྤྱི་ཡོངས་ཁྱབ་བསྒྲགས“བཅས་ཞིབ་བཤེར་གྱི་རིམ་པ་ལྔ་བརྒྱུད་དེ། མ་དངུལ་གཏོང་སྤྲོད་ཀྱི་གནད་འཁེལ་རང་བཞིན་དང་ཁ་གསལ་རང་བཞིན་ལ་ཁག་ཐེག་བྱས། དུས་མཚུངས་སུ། ལས་བྱེད་པ་རྩ་འཛུགས་བྱས་ཏེ་འབྲོག་ཁུལ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། འབྲོག་པ་མང་ཚོགས་རང་འགུལ་ངང་རྩྭ་ཐང་དུ་ཕྱུགས་རིགས་བཀག་འགོག་དང་ཕྱུགས་རིགས་དོ་མཉམ་དོ་དམ་བྱེད་པའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།