རྨ་ལྷོ་ཁུལ་གྱི་འབྲུ་རིགས་དང་བཟའ་སྣུམ། སྔོ་ཚལ་བཅས་ཀྱི་འདེབས་འཛུགས་རྒྱ་ཁྱོན་འཕར་སྣོན་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས21ཉིན།    གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོའི་ལོ་སྟོད་ལ།   འབྲུ་རིགས་དང་བཟའ་སྣུམ།   སྔོ་ཚལ་བཅས་ཀྱི་འདེབས་འཛུགས་རྒྱ་ཁྱོན་སོ་སོར་སྤྱི་ཆིངས་སྟོང་བརྒྱད་དང་བདུན་བརྒྱ་དང་སྤྱི་ཆིངས་སྟོང་ལྔ་གཉིས་བརྒྱ་དྲུག་ཅུ།  སྤྱི་ཆིངས་བཞི་བརྒྱ་གོ་གསུམ་ལྷག་ལ་སླེབས་ཡོད་པ་དང་།     ལོ་ཧྲིལ་བོར་འཕར་སྣོན་གསུམ་མངོན་འགྱུར་ཡོང་ངེས།

2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་པས།  རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཐོན་ཁུངས་ཁྱད་ཆོས་ལ་རྐང་བཙུགས་པ་དང་།  ཡུལ་བབ་དང་བསྟུན་ནས་འབྲུ་རིགས་དང་བཟའ་སྣུམ།    གཟན་རྩྭ།   སིལ་ཏོག  སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་སྒྲིག་གཞི་གྲུབ་པར་བྱས་ནས།    སྒྲིག་བཀོད་ཞིང་ལས་དང་དེང་རབས་ཞིང་ལས།   ཟོང་རྟགས་ཞིང་ལས་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།    ལོ་གཅིག་གི་རིང་།    རྨ་ལྷོ་ཁུལ་གྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས།  “1+N”གྲོང་གསེབ་ཐོན་ལས་འཕེལ་རྒྱས་འཆར་གཞིའི་མ་ལག་བཏོན་ནས།   གྲོང་གསེབ་དར་སྤེལ་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར།  དེ་མིན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད་ལ་ཁེབས་པར་བྱས་ཡོད།    དེར་མ་ཟད།    སྒྲིག་བཀོད་ཞིང་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་ཐོན་ལས་གཞི་ཁྱོན་ཆེ་རུ་བསྐྱེད།    ཁུལ་ཡོངས་སུ་བསྡོམས་པས་སྔོ་ཚལ་དྲོད་ཁང་སྟོང་གཅིག་དང་གཉིས་བརྒྱ་ང་གསུམ་འཛུགས་སྐྲུན་བྱས་ཡོད་པ་དང་།    ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་གཉིས་ཀྱིས་འདེབས་འཛུགས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱས་ཤིང་།  ལྡུམ་སྒོང་དང་རྡོ་ལུ་མ།   སུར་པན།   ཚོད་དཀར་སོགས་ཀྱི་ཐོན་ལས་མུ་ཁྱུད་གྲུབ་པར་བྱས་པ་མ་ཟད།   ལོ་རེའི་སྔོ་ཚལ་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་གཅིག་ལ་སླེབས་ནས་མཐོ་སྒང་གི་གྲང་བསིལ་སྔོ་ཚལ་གྱི་འབྲེལ་མཐུད་རྒྱུད་གལ་ཆེན་ཞིག་ཏུ་གྱུར།   ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་།  རྩེ་ཁོག་རྫོང་བཅས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་བསྲེས་རྣམ་པ་ཚོད་ལྟའི་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལོག་དཀར་གྱི་ནུས་མཐོའི་འདེབས་འཛུགས་རྟེན་གཞི་འཛུགས་སྐྱོང་བྱས་ཏེ་མུའུ་ཁྲི་ཡི་ལོག་དཀར་རྟེན་གཞིའི་རིམ་སྤོར་ལ་སྐུལ་འདེད་བཏང་།    གཟན་ཆས་རྟེན་གཞི་བཅོ་བརྒྱད་འཛུགས་སྐྲུན་བྱས་ཏེ། གཟན་ཆས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་དྲུག་དང་རེ་དྲུག་ལ་སླེབས་པ་དང་།  སྤྱིའི་ཐོན་ཚད་ཏུན་འབུམ་གཅིག་དང་ཁྲི་དྲུག་བདུན་བརྒྱར་སླེབས་ཤིང་།   རུ་ཞོལ་མ་གཟན་རྩྭའི་ཐོན་ལས་ཀྱི་དཔེ་སྟོན་དུ་གྱུར།

ཚན་རྩལ་ལ་བརྟེན་ནས་ཞིང་ཕྱུགས་ཐོན་ལས་ལ་བྱེད་ནུས་བསྩོལ་རྒྱུར་མུ་མཐུད་དུ་ཤུགས་བསྣན་ནས་ཐེན་ཅིན་ཞིང་ལས་ཚན་རིག་གླིང་དང་མཚོ་སྔོན་སློབ་ཆེན།    མཚོ་སྔོན་ཞིང་ལས་ཚན་རིག་གླིང་སོགས་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ཏེ་ལག་རྩལ་གསར་པ་ནང་འདྲེན་བྱས་པ་དང་།    ནས་དང་ཞོག་ཁོག་སོགས་རིགས་གསར་པའི་ལས་གཞི་ལག་བསྟར་བྱས་ཤིང་།   ལོ་ཏོག་གི་སོན་རྫས་ཐོན་ཁུངས་བརྒྱ་དང་བཅུ་བདུན་བསྡུ་རུབ་བྱས་ཏེ་འདེབས་འཛུགས་བདེ་འཇགས་ཐད་འགན་སྲུང་བྱས།   ཐོན་རྫས་ཀྱི་སྤུས་ཚད་ལ་བརྟེན་ནས་རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་ཟོང་རྟགས་འཛུགས་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་བ་དང་།   ཁུལ་ཡོངས་སུ་ཁྱད་ལྡན་ཐོན་རྫས་གསར་པ་བརྒྱ་དང་ཉེར་གསུམ་གསོ་སྐྱོང་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།