མགོ་ལོག་ཁུལ་གྱི་རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ཆུ་ཚད་བརྟན་འཇགས་སྒོས་འཕར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར། མགོ་ལོག་ཁུལ་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་རང་འབབ་ཆུ་ཁྱབ་གདལ་དུ་བཏང་ཚད་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་བརྒྱད་ལ་སླེབས་ཡོད་པ་དང་། ཆུ་འདོན་སྤྲོད་ཁག་ཐེག་བྱེད་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་བརྒྱད་ལ་མཐོར་འདེགས་བྱུང་ཡོད། གཅིག་བསྡུས་རྣམ་པའི་ཆུ་འདོན་སྤྲོད་བཟོ་སྐྲུན76དང་ཁ་ཐོར་རྣམ་པའི་ཁྲོན་པ་ཁྲི་གཅིག་དང་སྟོང་གཉིས་རིམ་བཞིན་བཙུགས་པ་དེ་རོང་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད་མ་ལག་གི་འདེགས་སྐྱོར་དུ་བྱས་ནས། རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ཆུ་ཚད་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མགོ་ལོག་ཁུལ་གྱིས་རོང་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད་འགན་སྲུང་བྱེད་པ་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཏུ་བརྩིས་ནས་ནན་ཏན་སྒོས་སྐུལ་འདེད་བཏང་བ་དང་། རྫོང་ཁོངས་སུ་གཅིག་གྱུར་དོ་དམ་དང་རིགས་དགར་ནས་ཐབས་ཇུས་འདོན་པའི་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་གསར་སྐྲུན་ལག་བསྟར་བྱས་ཤིང་། 《མགོ་ལོག་ཁུལ་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད་དང་རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་བྱ་བའི་བྱེད་ཐབས》བཏོན་ནས། ཁུལ་རིམ་པའི་གཅིག་གྱུར་དང་རྫོང་དྲུག་གིས་མཉམ་འགུལ་བྱེད་པའི་བྱ་བའི་རྣམ་པ་ཆགས། རྫོང་སོ་སོ་རུ་ཆུ་འདོན་སྤྲོད་དོ་དམ་སྲུང་སྐྱོབ་ལྟེ་གནས་བཙུགས་པ་དང་། ཆུ་ཁུངས་བཀོད་སྒྲིག་དང་ཆུ་སྤུས་ལྟ་ཞིབ་ཚད་ལེན། སྦུག་དྲའི་སྲུང་སྐྱོང་དང་ཆུ་རིན་ལེན་པའི་དོ་དམ་འགན་འཁྲི་གཅིག་གྱུར་གྱིས་གསལ་བོ་བྱས། 2021ལོ་ནས2025ལོའི་བར། བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གཉིས་བཏང་བ་དང་། ཆུ་འདོན་སྤྲོད་འགན་སྲུང་བཟོ་སྐྲུན་རིགས་སྣ་ང་བདུན་ལག་བསྟར་བྱས་ཏེ། རོང་འབྲོག་མང་ཚོགས་འབུམ་གཅིག་ལྷག་ལ་ཕན་ཁེ་ཐོབ་པ་དང་། འཐུང་ཆུའི་བདེ་འཇགས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་།

ཀྲུང་དབྱང་སྐོར་ཞིབ་ཀྱི་ཕྱིར་སློག་གནད་དོན་ལེགས་བཅོས་དང་ཞིང་ཆེན་ཡོངས་ཀྱི་ཆུ་འདོན་སྤྲོད་འགན་སྲུང་གནད་དོན་ཞིབ་བཤེར་ལེགས་བཅོས་བྱ་བར་ཟུང་འབྲེལ་བྱས་ཏེ། མགོ་ལོག་ཁུལ་ཆུ་བེད་ཅུའུ་ཡིས་དྲ་སྦྲེལ་རྣམ་པའི་ཞིབ་བཤེར་རྩ་འཛུགས་བྱས་ཏེ་སྤེལ་བ་དང་། ཆུའི་སྤུས་ཚད་དང་ཆུའི་འབབ་ཚད་དང་འཁོར་སྐྱོད་དོ་དམ་སྲུང་སྐྱོབ་སོགས་ཀྱི་གཙོ་གནད་རིམ་པར་དམིགས་ཏེ། གནད་དོན་གྱི་རྩིས་ཐོ་སྣ་ལྔ་བཅུ་བཙུགས་པ་དང་སྣ་ཞེ་གཉིས་ཀྱི་ལེགས་བཅོས་བྱ་བ་ཡོངས་འགྲུབ་བྱས་ལ། ལེགས་བཅོས་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་གྱ་བཞི་ལ་སླེབས་པ་དང་། ཆུ་འདོན་སྤྲོད་དོ་དམ་གྱི་ནུས་པ་མུ་མཐུད་ཇེ་དྲག་ཏུ་འགྲོ་བཞིན་ཡོད།

དེ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་ཆུ་འདོན་སྤྲོད་བཟོ་སྐྲུན་འཁོར་སྐྱོད་དོ་དམ་སྲུང་སྐྱོབ་རིགས་ཀྱི་གནད་དོན་སྐོར་གྱི་བརྡ་ཐོ་ཆེད་དུ་ཁྱབ་བསྒྲགས་བྱས་པ་དང་།    ལྟ་སྐུལ་ཁ་པར་ཁྱབ་བསྒྲགས་བྱས་ནས་མང་ཚོགས་ཀྱི་ཞུ་གཏུག་ཐབས་ལམ་བཀག་མེད་ཡོང་བར་བྱས།    བསྡོམས་པས་ཆུ་སྤྱོད་གནད་དོན་སྐོར་གྱི་བློ་འདྲི156བསྒྲུབ་ལ། སྒྲུབ་ཚད100%ལ་སླེབས་ཡོད། “སྤྱི་བསྒྲགས་ལམ་ལུགས”ཀྱི་དོ་དམ་ཁྱབ་སྤེལ་བཏང་སྟེ།    གཅིག་བསྡུས་ཆུ་འདོན་ས་ཚིགས་སོ་སོ་རུ་སྤྱི་བསྒྲགས་བྱང་བུ་འཛུགས་པ་དང་། ཆུ་སྤུས་བརྟག་འཇལ་འབྲས་བུ་དང་། དོ་དམ་སྲུང་སྐྱོབ་ཀྱི་འགན་འཁུར་པ། ལྟ་སྐུལ་ཁ་པར་བཅས་ཡོངས་བསྒྲགས་བྱས་པ་དང་།    རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ།    རིམ་བཞིན“སྲིད་གཞུང་ཀྱིས་གཙོ་ཁྲིད་དང་སྡེ་ཁག་གིས་མཐུན་སྦྱོར།  མང་ཚོགས་ཟབ་ཞུགས་བྱེད་པའི”རོང་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད་འགན་སྲུང་གི་རྣམ་པ་གསར་པ་བཙུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།