མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས20ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། 2024ལོའི་ལོ་མཇུག་བར་དུ། མཚོ་བྱང་ཁུལ་དུ་ཚད་ལྡན་ཅན་གྱི་གླ་བ་གསོ་སྤེལ་ར་བ6བསྐྲུན་པ་དང་ཁྱོན་བསྡོམས་གླ་བ462ཡོད་ལ། ཐོན་རིན་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་བཞི་ཡིན་པར་མ་ཟད། གླ་བ་ཡི་གསོ་སྤེལ་གཞི་ཁྱོན་དང་ལག་རྩལ་ཆུ་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མཚོ་བྱང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཆུ་འཛོམས་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། གླ་བ་གསོ་སྤེལ་ལས་དོན་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་དང་དམངས་ཕྱུག་ཡོང་བར་སྒུལ་ཤུགས་བསྣན་ཡོད།
མདོ་ལ་རྫོང་གིས་གླ་བ་ནི་མ་གཞི་ནས་སྙིང་ཆུང་ལ་ནད་བྱུང་སླ་བའི་ཁྱད་ཆོས་ལ་དམིགས་ཏེ། ཚན་རིག་ཞིབ་འཇུག་དང་ཀུང་ཟི། རྟེན་གཞི། ཞིང་ཁྱིམ་བཅས་ཀྱི་རྣམ་པ་གསར་གཏོད་བྱས་ནས། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་སོགས་མཐོ་རིམ་སློབ་ཆེན་གྱི་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། གསོ་སྤེལ་ར་བ་འཛུགས་སྐྲུན་དང་གཟན་ཆས་སྡེབ་སྒྲིག རིམས་ནད་འགོག་བཅོས་སོགས་ཀྱི་ཐད་ནས་ལག་རྩལ་གྱི་འདེགས་སྐྱོར་མ་ལག་ངང་གིས་གྲུབ་ཡོད། མིག་སྔར། མཚོ་བྱང་ཁུལ་གྱི་གླ་བའི་ཐོན་ལས་དེར། “རྒྱུད་བཟང་གསོ་སྤེལ་དང་ཚན་རིག་ཞིབ་འཇུག་ཞབས་ཞུ། གཟན་རྩྭ་ལས་སྣོན། བསྐྱར་འགྱུར་ཐོན་རྫས་གསར་སྤེལ། གླ་བའི་རིལ་མ་འཁོར་སྐྱོད་བེད་སྤྱོད”བཅས་ཀྱི་ཕྲེང་འབྲེལ་ཧྲིལ་བོ་གྲུབ་ནས། གླ་རྩིའི་ཆང་དང་རྐང་སྦངས་ཁུག་མ་སོགས་ཀྱི་ཐོན་རྫས་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་ནས། ཐོན་རྫས་ཀྱི་རིན་ཐང་བརྟན་པོའི་ངང་འཕར་ཡོད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས“མཉམ་ལས་ཁང་དང་ཞིང་ཁྱིམ། དབུལ་ཕོངས་ཁྱིམ་ཚང”བཅས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་གཟན་རྩྭ་མཁོ་སྤྲོད་དང་ལས་གཉེར་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས། གསོ་སྤེལ་གྲུབ་འབྲས་ཀྱིས་གཞི་རིམ་ལ་ཕན་པ་བསྐྲུན་ཡོད།