རྫ་སྟོད་རྫོང་གིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་འགག་རྩའི་བྱེད་ཐབས་སུ་བརྩིས་ནས། ཁ་ནད་ཚན་ཁག་དང་ཕོ་རྒྱུའི་ལྟ་ཤེལ་ཁང་། ནད་ལྗིད་མོའི་བརྟག་དཔྱད་ཁང་བཅས་གསར་དུ་བཙུགས་པར་མ་ཟད་བེད་སྤྱོད་བྱས་ཏེ། སྨན་བཅོས་ལག་རྩལ་མང་པོའི་ཐད་ཐོལ་བརྒལ་བྱུང་། ཟླ10པའི་ཚེས20ཉིན་བར། མྱུར་གཤིས་སྙིང་རྩ་འགག་པའི་ནད་པ་དགུ་མྱུར་སྐྱོབ་བྱས་པ་དང་། གཤགས་བཅོས་ང་བཞི་ལེགས་འགྲུབ་བྱས་ལ། ནད་པ་ལྕི་མོ་བཅུ་དགུ་མྱུར་སྐྱོབ་བྱས་ཏེ། མང་ཚོགས་ཀྱི་སྨན་པར་བསྟེན་པའི་ཐོབ་སྣང་དང་བདེ་སྣང་མུ་མཐུད་དུ་ཇེ་ཆེར་བཏང་།

རྫ་སྟོད་རྫོང་གིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་མི་འདང་སར་དམིགས་ནས། གནད་འཁེལ་ཇུས་འདོན་དང་རྒྱུན་མཐུད་ཤུགས་འདོན་བྱས་པ་དང་། འཇོན་མི་དང་ལག་རྩལ། དོ་དམ་སོགས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་དྲག་པོ་བསྣན། ཚན་ཁག་ལ་ཤུགས་སྣོན་པ་དང་ཞན་ཆར་ཁ་གསབ་བྱེད་པ་དེ་དམིགས་འབེན་དུ་བྱས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་རྫོང་མི་དམངས་སྨན་ཁང་གི་ནད་ལྗིད་མོའི་བརྟག་དཔྱད་ཁང་དང་མྱུར་སྐྱོབ་ཚན་ཁག་སོགས་འགག་རྩའི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན། ལྟེ་གནས་ཆེན་པོ་ལྔ་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་པ་དང་། རྨས་སྐྱོན་ལྟེ་གནས་ཀྱིས་རྩིས་ལེན་བྱས་ཏེ། སྦྲུམ་མ་ཚབས་ཆེན་དང་གསར་སྐྱེས་བྱིས་པའི་མྱུར་སྐྱོབ་ལྟེ་གནས་ཀྱི་མིང་བྱང་བཀལ་ཞིང་། གཟའ་ནད་དང་སྙིང་གཟེར་ལྟེ་གནས་དེ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་ལྟེ་གནས་སུ་བདམས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྒོ་བསྟེན་སྨན་ཁང་རྒྱུན་རྣམ་ཅན་དེས་མང་ཚོགས་ལ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས། ལག་རྩལ་ནང་འདྲེན་དང་རང་ངོས་དགེ་མཚན་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ས་གནས་རང་གི་འཇོན་མི་སྐྱེད་སྲིང་འཆར་གཞི་ལག་བསྟར་བྱས། སྨན་བཅོས་ཁྱབ་ཁོངས་སུ་དགེ་རྒན་གྱིས་སློབ་ཕྲུག་ཁྲིད་པ་དང་ཚོགས་པས་དཔུང་སྡེ་ཁྲིད་པའི་རྐྱེན་སྲོལ་ལག་བསྟར་བྱས་ཤིང་། རོགས་སྐྱོར་ཆེད་མཁས་པ་བཅུ་གསུམ་དང་ས་གནས་ཀྱི་སྨན་བཅོས་མི་སྣ་སུམ་ཅུ་མཉམ་འབྲེལ་བྱས་ཏེ། ཁང་བཤེར་བརྟག་དཔྱད་དང་གཤགས་བཅོས་སློབ་ཁྲིད། ལས་སྒོ་གསབ་སྦྱོང་སོགས་ཀྱི་རྣམ་པས་གནད་འཁེལ་གསོ་སྐྱོང་བྱས་པར་མ་ཟད། རྐང་འཛིན་མི་སྣ་ཞིང་ཆེན་མི་དམངས་སྨན་ཁང་དུ་མངགས་ནས་ལས་གནས་ཀྱི་རྗེས་འདེད་སློབ་སྦྱོང་བྱས། ལག་རྩལ་གསར་བ་དང་ལས་སྒོ་གསར་བ་ཁག་བཞི་ནང་འདྲེན་བྱས་ཏེ། ཁ་པར་སྤྲིན་རྩེའི་དྲི་བ་དྲིས་ལན་སྤྱད་དེ་ནུས་པ་ཚད་ལེན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ས་གནས་ཀྱི་འཇོན་མིའི་དཔུང་ཁག་ཅིག་སྐྱེད་སྲིང་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།