རྨ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་འཐུས་ཚབ་ཐེན་ཅིན་དུ་སོང་ནས་ལྟ་སྦྱོང་སློབ་སྦྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྔར་ལས་ལྷག་པའི་སྒོ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བྱ་བའི་བསམ་ཕྱོགས་གསར་གཏོད་དང་བྱ་བའི་མཐོང་རྒྱ་ཆེ་རུ་བསྐྱེད་པ།    ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བ།    ཐེན་ཅིན་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གཉིས་ཀྱི་རིག་གནས་བརྗེ་རེས་དང་མཉམ་བསྲེས་ལ་ཡར་སྐུལ་བྱེད་པ་བཅས་བྱེད་ཆེད།   ཟླ10པའི་ཚེས13ཉིན་ནས་ཚེས19ཉིན་བར།     རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཐེན་ཅིན་དུ་སོང་ནས་ལྟ་སྦྱོང་སློབ་སྦྱོང་བརྗེ་རེས་བྱེད་སྒོར་ཞུགས།

ཐེངས་འདིའི་བྱེད་སྒོ་ནི་ཐེན་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་རྒྱབ་སྐྱོར་དང་།  རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཆུའུ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་།   རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ།   བསྡོམས་པས་རྨ་ལྷོ་ཁུལ་དང་དེ་མིན་ཁུལ་ཁོངས་གཏོགས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་སོ་གཅིག་རྩ་འཛུགས་བྱས་ཏེ་བྱེད་སྒོར་ཞུགས། ལྟ་སྦྱོང་ཚན་ཆུང་སྔ་གཞུག་ཏུ་ཐེན་ཅིན་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དང་ཐེན་ཅིན་གྲོང་ཁྱེར་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་།    གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་སོགས་སུ་སོང་ནས་ལྟ་སྐོར་དང་འགྲེལ་བཤད།   ཉམས་ཞིབ་སོགས་བརྒྱུད་དེ་ཐེན་ཅིན་གྲོང་ཁྱེར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན།   འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།

ལྟ་སྦྱོང་སྐབས་སུ།   ལྟ་སྦྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།  ས་ཁུལ་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་།     ཆེད་མཁས་པས་ཆེད་ལས་སྐོར་གྱི་ལྟ་ཚུལ་བཏོན་ཞིང་།    གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་རྣམས་ཀྱིས་བརྗེ་རེས་ཟབ་མོ་བྱས་པར་མ་ཟད།   ཕན་ཚུན་བར་འབྲེལ་བ་ཟབ་མོ་བཙུགས།

ལྟ་སྦྱོང་བྱེད་སྒོར་ཞུགས་པའི་མི་སྣས་ཐེངས་འདིའི་བྱེད་སྒོས་ཚང་མར་ཐེན་ཅིན་གྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ལ་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག་པ་དང་།    གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་དང་།  ཐོན་ཁུངས་ཚུལ་སྒྱུར་བེད་སྤྱོད་ཐད་སྔར་ལས་ལྷག་པའི་བསམ་བློ་གསར་པ་ཡོད་པར་བྱས།    མ་འོངས་པར་རྨ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁྲོད་ཧུར་ཐག་གིས་ཞུགས་ནས།   གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།