ཟླ10པའི་ཚེས20ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏུའུ་ལན་རྫོང་འགྲུལ་སྐྱེལ་ཚད་ཡོད་འགན་འཁྲི་ཀུང་ཟིས་ཤར་གཏོང་བྱས་པའི། མཚོ་ནུབ་ཁུལ་གྱི་དྲ་ཐོག་ནས་དུས་ལྟར་བཀོད་སྒྲིག་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་དང་པོ་སྟེ། ཏུའུ་ལན་ནས་ཟི་ལིང་བར་གྱི་ལམ་ཐིག་དེས་དུས་ཡུན་ལོ་ངོ་གཅིག་གི་རིང་ལ་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་ཁྲི་ལྷག་སྐྱེལ་འདྲེན་བྱས་པར་བརྟེན། ས་གནས་དེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
མཚོ་ནུབ་ཁུལ་གྱི་དྲ་ཐོག་ནས་དུས་ལྟར་བཀོད་སྒྲིག་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་དང་པོ་ཡིན་པའི་ཏུའུ་ལན་ནས་ཟི་ལིང་བར་གྱི་དུས་ལྟར་བཀོད་སྒྲིག་བྱས་པའི་འགྲུལ་སྐྱེལ་རླངས་འཁོར2024ལོའི་ཟླ7པར་དངོས་སུ་ཤར་གཏོང་ཐུབ་པ་ནས་བཟུང་། དྲ་སྦྲེལ་ལས་སྟེགས་ལ་བརྟེན་ནས་དྲ་ཐོག་ནས་དུས་བཅད་ལྟར་སྦེ་སེ་སྔོན་ལ་ཉོ་བ་དང་གནད་ལ་འཁེལ་བའི་ངང་རླངས་འཁོར་མངགས་གཏོང་བྱེད་པ། སྟབས་བདེ་མོའི་ངང་རླངས་འཁོར་ལ་སྡོད་པ་བཅས་ཀྱི“ས་ཚིགས་གཅིག་རྣམ་པའི”ཞབས་ཞུ་མཁོ་འདོན་བྱས་ཏེ། འགྲུལ་པ་བརྒྱུད་སྤྲོད་བྱེད་པའི་ལྷུ་ཚིགས་ནུས་ལྡན་ངང་ཉུང་དུ་ཕྱིན་པ་དང་རླངས་འཁོར་བརྗེ་རེས་ཀྱི་དུས་ཚོད་སྔར་ལས་ཇེ་ཐུང་དུ་བཏང་ཡོད། ཞབས་ཞུ་ལས་རིགས་འདིས “སྐམ་སའི་སྟེང་གི་འགྲུལ་སྐྱེལ་རླངས་འཁོར་ཆེས་བཟང་ཤོས”ཀྱི་འདུ་ཤེས་ནང་འདྲེན་བྱས་ནས། ཡུལ་སྐོར་སྐྱིད་པོ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས། མང་ཚོགས་ཀྱི་རང་མོས་ཅན་དང་སྣ་མང་ཅན་གྱི་ཡུལ་སྐོར་དགོས་མཁོ་ཀུན་ནས་བསྐངས།
བསྡོམས་རྩིས་བྱས་པ་ལྟར་ན། 2024ལོའི་ཟླ7པའི་ཚེས18ཉིན་ནས2025ལོའི་ཟླ10པའི་ཟླ་མཇུག་བར་ལམ་ཐིག་དེས་ཁྱོན་འགྲུལ་པ་མི་ཐེངས་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་སྐྱེལ་འདྲེན་བྱས་པ་དང་། དཔལ་འབྱོར་ཐོན་རྫས་རིན་ཐང་སྒོར་ས་ཡ་གཉིས་དང་འབུམ་གཅིག་དང་ཁྲི་གཅིག་སྟོང་གཉིས་བརྒྱ་མངོན་འགྱུར་བྱས། ཏུའུ་ལན་ནས་ཟི་ལིང་བར་གྱི་དྲ་ལམ་ནས་དུས་ལྟར་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་བདེ་བླག་ངང་འཁོར་སྐྱོད་བྱས་པ་དེ་ནི། མཚོ་ནུབ་ཁུལ་གྱི་གཞུང་ལམ་འགྲུལ་སྐྱེལ་ལས་རིགས་ཀྱིས་དྲ་སྦྲེལ་འཐབ་ཇུས་ལག་བསྟར་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན། དེས་སྐྱེལ་འདྲེན་ཞབས་ཞུའི་གནད་ཁེལ་རང་བཞིན་དང་སྤུས་ཚད་མཐོ་རུ་ཕྱིན་པར་མ་ཟད། ཁུལ་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་ཚུལ་སྒྱུར་འཕེལ་རྒྱས་ལ་བསྐྱར་དཔར་དང་ཁྱབ་སྤེལ་ཐུབ་པའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད།