ད་ལོར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཁྱོན་ཡོངས་ནས‘ངེད་ཚང་གི་སྒོ་ཁའི་ཟམ་པ’ཞེས་པའི་ཆེད་དམིགས་དམངས་ཚིས་ལས་གཞི་ལག་བསྟར་བྱས། ཟླ10པའི་ཚེས12ཉིན་བར། དམངས་ཕན་ཟམ་པ500ཡི་འཛུགས་སྐྲུན་ལས་འགན་ཡོངས་སུ་འགྲུབ་ཡོད།
དམངས་ཚིས་ལས་གཞི་དོན་འཁྱོལ་ནན་མོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས《‘ངེད་ཚང་གི་སྒོ་ཁའི་ཟམ་པ’ཞེས་པའི་དམངས་ཕན་ཟམ་པའི་ལས་གཞི་ལག་བསྟར་ཇུས་གཞི》སྒྲིག་བཟོ་དང《དམངས་ཕན་ཟམ་པའི་སྤྱི་སྤྱོད་དཔེ་རིས》ཇུས་འགོད་ཞིབ་བཤེར་བྱས་ཏེ། “གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་དང་ས་ཁོངས་འཕེལ་རྒྱས་དོ་མཉམ་པར་བྱེད་པ། རོང་འབྲོག་མཐའ་མཚམས་ས་ཁུལ་དམིགས་སུ་འཛིན་པ”བཅས་ཀྱི་སྤྱིའི་ཁྲིད་ཕྱོགས་ལྟར། སྔོན་ལ་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས་བགྲོད་ལམ་སྟབས་བདེ་མིན་པ་དང་། དུས་ཚིགས་རང་བཞིན་གྱི་ཆུ་བོས་འགྲོ་འདུག་ལ་ཚད་བཀག་བཟོ་བ་དང་ཕྱུགས་ལས་ཐོན་ལས་ཀྱི་སྐྱེལ་འདྲེན་ལ་བཀག་འགོག་བཟོ་བའི་གནད་ཐོན་ཐག་གཅོད་བྱས། ཟམ་པའི་གནས་ས་འདེམ་པ་འོས་འཚམ་ཡིན་པ་དང་འཛུགས་བསྐྲུན་གྱི་རྒྱུ་སྤུས་བཟང་བར་ཁག་ཐེག་བྱེད་ཆེད། གཞུང་ལམ་གྱི་སྤྱིའི་ལམ་དུམ་སོ་སོས་ས་གནས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་། ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་མི་སྣ་དང་མཉམ་འབྲེལ་སྒོས་ལས་གཞིའི་ཡུལ་དངོས་དང་པོའི་ས་དབྱིབས་དང་ས་རྒྱུའི་ཆ་རྐྱེན་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་ཀྱིས་ཟམ་པའི་རིང་ཚད་དང་རྣམ་པ་སོགས་རྒྱུ་རྐྱེན་གཙོ་བོ་དག་ལ་བསམ་གཞིག་བྱས་ཏེ། རིམ་པ་བཞིན་ལས་གཞི་ལག་བསྟར་ཆ་རྐྱེན་དང་འཚམ་པའི་གནས་འདམ་གསེས་བྱས་ནས། ཟམ་པ་རེ་རེ་མང་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་གནས་སུ་འཛུགས་ཐུབ་པར་ཁག་ཐེག་བྱས་ཡོད།
དམངས་ཕན་ཟམ་པ500ལག་བསྟར་བྱས་པ་ནི། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི2025ལོའི་དམངས་ཚིས་ལས་གཞི་ཡི་གསར་གཏོད་ཀྱི་ལག་ལེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་ཆུས29སྲིད་འཛིན་སྡེ་བ་བརྒྱ་ལྷག་དང་རོང་འབྲོག་མང་ཚོགས་འབུམ་གསུམ་ལྷག་ལ་ཕན་བདེ་བསྐྲུན་ཡོད་ལ། རོང་འབྲོག་མང་ཚོགས་ཀྱིས་རྐང་རྗེན་དུ་ཆུ་བོར་བརྒལ་བ་དང་ལམ་བསྐོར་ནས་འགྲོ་དགོས་པའི་གནད་དོན་ཐག་གཅོད་བྱས་ཏེ། མཚོ་སྔོན་མཐོ་སྒང་རོང་འབྲོག་ས་ཁུལ་གྱི་ཆེས་མཇུག་མཐའི་ལེ་དབར་གཅིག་ཤར་གཏོང་བྱས་པས། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།