མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཕྱིར་གཏོང་རྟེན་གཞི་གཙོ་བོ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་སྒང་གི་ནོར་ནག་དང་བོད་ལུག་ཐོན་ལས་སྤུས་ལེགས་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་གྱིས་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་གཞིར་བཅོལ་ཏེ། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་སྣེ་འདྲེན་སྐུལ་ཁྲིད། ཚོང་རྟགས་བསྐྲུན་པ། ཚན་རྩལ་འདེགས་སྐྱོར། ཚོང་ལམ་རྒྱ་སྐྱེད་སོགས་བྱེད་ཐབས་སྤྱད་པ་བརྒྱུད། ཞིང་ཕྱུགས་ལས་རིགས་དེང་རབས་ཅན་དུ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཕྱིར་གཏོང་གི་རྟེན་གཞི་གཙོ་བོ་གྲུབ་པར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

མཚོ་བྱང་ཁུལ་གྱིས་བེད་སྤྱོད་རུང་བའི་རང་བྱུང་རྩྭ་ས་མུའུ་བྱེ་བ་བཞི་འབུམ་དྲུག་ཁྲི་བརྒྱད་བཟུང་ཡོད་ཅིང་། ཕྱུགས་རིགས་ས་ཡ་གསུམ་འབུམ་བདུན་ཁྲི་དྲུག་དེར་གནས་ཡོད་པས། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། བོད་ལུག་དང་ནོར་ནག ནས། སྣུམ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་ལྔའི་དར་སྤེལ་འཆར་གཞི་ལག་བསྟར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཟན་རྩྭ་ལས་སྣོན་དང་ཕྱུགས་རིགས་ཉོ་ཚོང་། བཤས་གཏོང་ལས་སྣོན་སོགས་གཅིག་ཅན་དགུའི་ཆ་སྡེབ་བཟོ་སྐྲུན་འཛུགས་གྲུབ་བྱས་ནས། ཞིང་ཕྱུགས་ལས་སྒྲིག་ཆས་ཅན་གྱི་བསྡུར་ཚད་བརྒྱ་ཆའི་གོ་དགུ་ཡན་ལ་སླེབས་ཤིང་། ཕྱུགས་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་བརྒྱ་ཆའི་དགུ་ཅུ་ལས་བརྒལ།

སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱས་པའི་ཕྱོགས་ནས། མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང322དང་། ཁྱིམ་ཚང་ཞིང་ཕྱུགས་ར་བ403། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས45བཅས་གསོ་སྐྱོང་བྱས་ཏེ། ཕྱུགས་ལས་ཐོན་རྫས་ལས་སྣོན་ཚུལ་སྒྱུར་ལས་ཕྱོད་བརྒྱ་ཆའི་རེ་ལྔར་སླེབས། 2024ལོར་ཕྱུགས་ལས་ཐོན་འབོར་སྒོར་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་མངོན་འགྱུར་བྱས། རོང་འབྲོག་ཁུལ་གྱི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམ་བཀོད་སྒྲིག་ཡོང་འབབ་སྒོར་ཁྲི་གཉིས་དང་བརྒྱ་དང་གཅིག་ལ་སླེབས་ཡོད།

ཚོང་རྟགས་འཛུགས་སྐྲུན་བྱ་བས་གྲུབ་འབྲས་མངོན་གསལ་བླངས། མཚོ་བྱང་ཁུལ་གྱིས་མདོ་ལའི་རི་འདབས་ཀྱི་ཕྱུགས་ར་བཟང་པོ་ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་བསྐྲུན་ཏེ། རང་བྱུང་རྩྭ་ས་མུའུ་བྱེ་བ་གཉིས་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་དང་། བོད་ལུག་དང་ནོར་ནག་ས་ཡ་གཉིས་འབུམ་གཅིག་ཁྲི་གསུམ་ལ་ལྗང་མདོག་སྐྱེ་ལྡན་གྱི་དཔང་ཡིག་བླངས། མདོ་ལའི་བོད་ལུག་དང་མིན་ཡོན་གྱི་སྣུམ་ཚལ་སོན་འབྲུ་ཀྲུང་གོའི་ཞིང་ལས་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཁྲོད་བདམས་ཐོན་བྱུང་ཞིང་། ཤ་རིགས་ཀྱི་ཐོན་རྫས་སྣ་དྲུག་ལ་ཞང་ཀང་སྤུས་རྟགས་ཀྱི་དཔང་ཡིག་ཐོབ་ནས། ཚོང་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་སོང་།

ཚན་རྩལ་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་སོང་། མཚོ་བྱང་ཁུལ་གྱིས་ནོར་ནག་དང་བོད་ལུག་གསོ་སྤེལ་རྟེན་གཞི་དགུ་བཙུགས་ཤིང་། ཆེད་ལས་པའི་ལས་སྒྲུབ་ས་ཚིགས་དང་རིག་མཛོད་བཙུགས་ཏེ། ཚན་རིག་ཞིབ་འཇུག་གླིང་དང་སའོ་བཅོ་བརྒྱད་བར་མཉམ་ལས་བྱས་ནས། གྲུབ་འབྲས་སྣ་ཉེར་གཉིས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་བྱ་དགའ་ཐོབ། མདོ་ལའི་ལུག་དེ་རྒྱལ་ཁབ་རིམ་པའི་རྒྱུད་སྤེལ་ཐོན་ཁུངས་ཀྱི་མིང་ཐོའི་ཁྲོད་ཚུད་ཅིང་། བོད་ལུག་མང་དུ་རྩེབས་པའི་གསོ་སྤེལ་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་སླེབས་ཡོད།

དེ་ལས་གཞན། མཚོ་བྱང་ཁུལ་གྱིས་ཕྱིར་གཏོང་ཐབས་ལམ་རྒྱ་བསྐྱེད་དེ། མདོ་ལའི་བོད་ལུག་ཐད་ཀར་ཨོ་མིན་དུ་འཚོང་ཐུབ་པར་བྱས་ལ། མིན་ཡོན་གྱི་སྦྲང་རྩི་འཇར་པན་དུ་ཕྱིར་གཏོང་བྱས་ཤིང་། སེར་ཤའི་རིགས་ལྷོ་ཁོ་རེ་ཡར་ཕྱིར་གཏོང་བྱས་ནས། ཕྱིར་འཚོང་ནང་འདྲེན་གྱི་སྤྱིའི་རིན་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།