མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་དྲུག་དང་སྟོང་བརྒྱད་དགུ་བརྒྱ་ལ་སླེབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས“གྲོང་གསེབ་ལམ་གྱི་བཟང་པོ་བཞིའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ལོ་ལྔའི་རིང་། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་བཏང་བ་དང་། གསར་དུ་ལས་པའི་ལམ་ཚད་སྤྱི་ལེ་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱར་སླེབས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་དྲུག་དང་སྟོང་བརྒྱད་དགུ་བརྒྱ་ལ་སླེབས་ཡོད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་གཞུང་ལམ་ལམ་ཚད་བསྡོམས་འབོར་གྱི76%ཟིན་ཡོད་པར་བརྟེན། གཞུང་ལམ་དྲ་བ་ཤར་གཏོང་བྱེད་པའི་ཆུ་ཚད་དང་ཤར་གཏོང་བྱེད་པའི་གཏིང་ཚད་མངོན་སུམ་ཇེ་ཆེར་སོང་ཡོད།

གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རང་རེའི་ཞིང་ཆེན་དུ་རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་པོའི་ལམ་རིང་པོ་ཡོངས་སུ་ཁེབས་པར་བྱས་ཡོད། ཆ་འཕྲིན་ཅན་གྱི་ལས་གཞིའི་མཛོད་དང“ལམ་གཅིག་དང་རིམ་པ་གཅིག”གི་འགུལ་རྣམ་གཞི་གྲངས་མཛོད་བཙུགས་ནས། གྲོང་གསེབ་གཞུང་ལམ་ལས་གཞིའི་ཚེ་ཐག་ཧྲིལ་པོའི་འཁོར་ཡུན་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས། རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང6དང་། ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང13དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང3བདེ་བླག་ངང་གསར་འཛུགས་བྱས་ཏེ།“གཅིག་གསར་འཛུགས་དང་ཕྱོགས་གཅིག་སྐུལ་ཁྲིད”བྱེད་པའི་རྣམ་པ་བཟང་པོ་གྲུབ་ཡོད།

ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་གནས་སྟངས་མཐོ་རུ་གཏོང་བའི་ལོ་གསུམ་རིང་གི་མཁྲེགས་གཏོར་འགུལ་སྐྱོད་གཅིག་གྱུར་སྒོས་སྤེལ་བ་དང་། ལོ་གསུམ་གྱི་ནང་དུ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་གཙོ་བོ་དང་གྲོང་གསེབ་གཞུང་ལམ་གྱི་ཞན་པའི་ལམ་དུམ་སྤྱི་ལེ3320བཅོས་སྒྲིག་བྱས། གྲོང་གསེབ་གཞུང་ལམ་གྱི་ཞིབ་ཚགས་བདག་སྐྱོང་དོ་དམ་ལ་ཤུགས་བསྣན་ནས། ལམ་གྱི་གནས་སྟངས་ལོ་རེ་བཞིན་ཇེ་ལེགས་སུ་སོང་ཡོད། ཡུལ་ཚོ་དང་གྲོང་རྡལ16གི་བགྲོད་ལམ་གྱི་ས་མཚམས་བརྒལ་བའི་ལམ་དུམ་མཐོ་རུ་གཏོང་བའི་བཟོ་སྐྲུན་དང་། གྲོང་ཚོ་དང་གྲོང་ཁྱེར་དུ་བསྐྱོད་པའི་གཞུང་ལམ་ཇེ་ཡག་ཏུ་གཏོང་བའི་བཟོ་སྐྲུན།“ངེད་ཚང་གི་སྒོ་འགྲམ་གྱི་ཟམ་པ”བཟོ་སྐྲུན་སོགས་ལག་བསྟར་བྱས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མཐུན་སྒྲིལ་བརྟན་བརླིང་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།