ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་གཞི་འཛིན་སར་བྱས་ནས་དཔལ་ཡོན་སྤྱོད་བཟང་ཆགས་པར་རོགས་འདེགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱོད་ཚུལ་རྙིང་བ་བསྒྱུར་བའི་སྐོར་གྱི་བྱ་བའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་གཞི་འཛིན་སར་བརྩིས་ནས་རྩ་འཛུགས་བྱས་ཏེ། བུད་མེད་མང་ཚོགས་རང་འགུལ་ངང་དཔལ་ཡོན་སྲོལ་བཟང་གི་སྐུལ་སྤེལ་མཁན་དང་ལག་ལེན་མཁན་བྱས་ནས་མ་རུང་སྲོལ་ངན་གྱི་གཤིན་ས་རྨང་ནས་བཅོམ་སྟེ་དཔལ་ཡོན་སྤྱོད་ཚུལ་གྲོང་གསེབ་ཏུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།

དྲིལ་སྒྲོག་སྣེ་ཁྲིད་ཀྱི་ཕྱོགས་ནས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་བློ་མཐུན་གྱི་སེམས་པ་ཏང་ལ་ཕྱོགས་ཞེས་པའི་མིང་རྟགས་བསྐྲུན་ནས་རིམ་པ་སོ་སོའི་བུད་མེད་བློ་མཐུན་སྒྲོག་འགྲེལ་ཚོགས་པ་སོགས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཁྱད་ལྡན་སྒྲོག་འགྲེལ་བྱེད་སྒོ་ཐེངས་སྟོང་ལྷག་སྤེལ་བ་དང་། མང་ཚོགས་ཀྱི་དགའ་མགུ་ཡི་རང་དང་བསྟུན་པའི་རྣམ་པར་བརྟེན་ནས་སྲིད་ཇུས་དྲིལ་སྒྲོག་དང་ལྟ་བ་གཅིག་མཐུན་ཆགས་པར་བྱས། དེ་དང་མཉམ་དུ་བུད་མེད་ཀྱི་ཁྱིམ་ཞེས་པ་སོགས་ཀྱི་ས་གནས་ཀྱི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་བཟུང་ནས་ཕྲེང་བསྟར་བྱེད་སྒོ་སྤེལ་བར་མ་ཟད། སྔོན་ཐོན་དཔེ་སྟོན་སྒྲོག་འགྲེལ་པ་བདམས་པ་བརྒྱུད་ནས་བུད་མེད་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ལེགས་པར་བཏོན།

ཁྱིམ་སྲོལ་གསོ་སྐྱོང་གི་ཐད་ནས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འདྲེས་པར་བྱས་ཏེ།   ཧོར་རིགས་དང་ཟ་ལར་རིགས་སོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་གཏམ་རྒྱུད་སྒྲོག་སྤེལ་བྱས་པ་བརྒྱུད་སྤྱི་ཚོགས་ཁྲོད་ཁྱིམ་སྲོལ་གྱི་རྣམ་པ་བཟང་པོ་ཆགས་པར་བྱས།

སྲོལ་ངན་བཅོས་སྒྱུར་གྱི་ཐད་ནས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲོལ་ངན་དོར་བ་དེ་མཁར་གྲོང་གི་དཔལ་ཡོན་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས།   སྲིད་ཇུས་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་བྱེད་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དཔྱད་འདེམས་གཉིས་དམ་དུ་སྦྲེལ་ཏེ།   ཞིང་ཆེན་ཡོངས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཉིས་ཁྲི་ལྷག་སྔ་གཞུག་ཏུ་ཁྱབ་བསྒྲགས་བྱས་པདང་། གཏམ་རྒྱུད་འགྲེམ་སྒྲོག་དང་ཁྱིམ་སྲོལ་སློབ་ཁྲིད་སོགས་ཀྱི་རྣམ་པར་བརྟེན་ནས་ཁྱིམ་ཚང་གི་སྲོལ་ངན་དང་རྒྱང་དུ་གྱེས་པར་སྣེ་ཁྲིད་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།