མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་ཤེས་བྱའི་ཐོན་དབང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ཚན་རྩལ་གྲུབ་འབྲས་ནུས་ཆེའི་བསྒྱུར་བར་སྐུལ་འདེད་གཏོང་བ།ནོར་སྲིད་མ་དངུལ་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་ཆེད།ཉེ་ཆར་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་དང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་མཉམ་འབྲེལ་གྱིས《ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རོགས་སྐྱོར་བྱས་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ནང་ཁེ་བེད་གསལ་བསྒྲགས་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ།ཞིང་ཆེན་གྱིས་2026ལོ་དང་དེ་རྗེས་གསར་དུ་བཙུགས་པའི་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ནང་ཁེ་བེད་བདག་དབང་གསལ་བསྒྲགས་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱེད་པར་དམིགས་ནས།ཤེས་བྱའི་ཐོན་དབང་གི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
གསར་དུ་ཚོད་ལྟའི་ལག་བསྟར་བྱས་པའི་ཁེ་བེད་ཀྱི་གསལ་བསྒྲགས་ལམ་ལུགས་ཀྱིས་ཞིང་ཆེན་རིམ་པའི་ནོར་སྲིད་ཚན་ཞིབ་རྣམ་གྲངས་དོ་དམ་ལ་ཕྱོགས་མང་པོའི་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་སྲིད། ཤེས་བྱའི་ཐོན་དབང་གི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་ཁེའི་གསལ་བསྒྲགས་དང་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པ་དང་།ལག་བསྟར།ཞིབ་བཤེར་རྩིས་ལེན་སོགས་ལྷུ་ཚིགས་ཟུང་འབྲེལ་དམ་ཟབ་བྱས་པ་བརྒྱུད་ཤེས་བྱའི་ཐོན་དབང་དོ་དམ་དང་རྣམ་གྲངས་དོ་དམ་མཉམ་འདྲེས་དམ་ཟབ་ཡོང་བ་དང་།རྣམ་གྲངས་འགན་འཁུར་ཚན་པའི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ།ཤེས་བྱའི་ཐོན་དབང་གསར་གཏོད་སྤུས་ཚད་དང་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་བ། གསལ་བསྒྲགས་ལམ་ལུགས་ཀྱིས་ཁེ་བེད་བདག་ཐོབ་དང་རྣམ་གྲངས་དབར་གྱི་འབྲེལ་བའི་རང་བཞིན་གསལ་པོར་མཚོན་པར་ཕན་ཐོགས་ཡོད་པ་དང་།རྗེས་མཐུད་ཀྱི་ཁེ་བེད་བདག་ཐོབ་བསྒྱུར་སྤྱོད་གནད་ལ་འཁེལ་བའི་འབྲེལ་མཐུད་བྱ་རྒྱུར་ཆ་འཕྲིན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་པ།གསར་གཏོད་གྲུབ་འབྲས་དེ་བས་མགྱོགས་མྱུར་ཁྲོམ་རར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ།ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་རེད། སྡེ་ཁག་ལས་བརྒལ་བའི་མཐུན་སྦྱོར་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།དུས་བཀག་ལྟར་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲད་པའི་གནས་ཚུལ་དང་འགྱུར་ལྡོག་གི་ཕན་འབྲས་གསལ་བསྒྲགས་བྱེད་པར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་ཏེ།ཚན་རྩལ་དང་ནོར་སྲིད་སོགས་སྡེ་ཚན་གྱིས་རྣམ་གྲངས་ཀྱི་ཕན་འབྲས་གདེང་འཇོག་དང་རྣམ་གྲངས་མཇུག་སྒྲིལ་ཞིབ་བཤེར་རྩིས་ལེན་སྔར་བས་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཐུབ་པ་དང་།ཚན་རིག་ཞིབ་འཇུག་རྣམ་གྲངས་དོ་དམ་གྱི་གསལ་ཚད་དང་མ་དངུལ་བེད་སྤྱོད་ཀྱི་ལས་ཆོད་སྔར་བས་ཆེ་རུ་གཏོང་ཐུབ།