རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་བཀྲ་ཤིས་ཚེ་རིང་གིས་མགོ་འཛིན་བྱས་ཏེ་ཁུལ་སྲིད་གཞུང་གི་ཏང་ཙུའུ(རྒྱ་སྐྱེད)གྲོས་ཚོགས་ཐེངས80དང་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་དྲུག་པའི་རྒྱུན་ལས་གྲོས་ཚོགས་ཐེངས37པ་གཉིས་སྔ་རྗེས་སུ་བསྡུས་ཏེ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པར་མ་ཟད། ཁུལ་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ལ། ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་དྲུག་པའི་རྒྱུན་ལས་གྲོས་ཚོགས་ཐེངས36པའི་སྟེང་ཞིབ་འཇུག་བྱས་པའི་དོན་ཚན་ལག་བསྟར་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་མཉན་ལ། ལག་བསྟར་གྱི་བྱེད་ཐབས་དང་གཙོ་གནད་བྱ་བ་བཀོད་སྒྲིག་ཞིབ་ཚགས་དང་། འབྲེལ་ཡོད་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བརྒྱད་པ་སླེབ་ལ་ཉེ་བའི་སྐབས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཞིང་པར་འཚོ་བ་སྔར་ལས་བཟང་པོ་རོལ་དུ་འཇུག་པའི”དམིགས་འབེན་ལ་བསྙེགས་ནས་འབྲུ་རིགས་བདེ་འཇགས་དང་ཕྱིར་གཏོང་བྱ་ཡུལ་དུ་སྔོན་ལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་སོགས་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ་རོང་འབྲོག་པའི་རྒན་གསོ་དང་སྨན་བཅོས། སློབ་གསོ་སོགས་འགན་སྲུང་ལས་དོན་ལྷག་བསམ་རྣམ་དག་གིས་ལེགས་པར་སྒྲུབ་པ་དང་། གཞི་རིམ་གྱི“ཞིང་གསུམ”ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐུལ་ལྕག་དང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་རོང་འབྲོག་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས་ཟེར།
ཚོགས་འདུས《བདེན་འཚོལ》དུས་དེབ་སྟེང་སྤེལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་གྱི་སྲོག་ཤིང་ལྟ་བ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་བླང་བྱ་དང་བསྡུར་ནས། དཀའ་གནད་དང་འགག་གནད་ཕྱོགས་ཡོངས་ནས་ལེགས་སྒྲིག་སྒོས་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་བཀག་རྐྱེན་བཟོ་བའི་སྲིད་ཇུས་བྱེད་ཐབས་མཐའ་གཅིག་ཏུ་གཙང་བཤེར་བྱེད་དགོས་ལ། དྲང་གཞག་གི་འགྲན་རྩོད་ཞིབ་བཤེར་ལམ་ལུགས་དང་ཚོང་རར་ཞུགས་འཐུས་ཀྱི་ལྡོག་ཕྱོགས་རྩིས་ཐོའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ས་གནས་ཀྱི་སྲུང་སྐྱོང་དང་སྲིད་འཛིན་རང་བཞིན་གྱི་སྒེར་སྡེམ་མེད་པར་བཟོ་དགོས། ཐོན་རྫས་ཕྱིར་གཏོང་གི་ཐབས་ལམ་སྔར་ལས་ཤར་གཏོང་ཐུབ་པ་དང་རྨང་གཞིའི་སྒྲིག་བཀོད་དང་ཟོང་འགྲེམས་དྲ་རྒྱ་མགྱོགས་མྱུར་འཐུས་ཚང་དུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། “གཏོང་སྤྲོད་དོ་དམ་ཞབས་ཞུ”བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ“དྲ་ལམ་གཅིག་ནས་སྒྲུབ་སྤྲོད”དང“ཞིང་ཆེན་ལས་བརྒལ་ནས་སྒྲུབ་སྤྲོད” “བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་སྤྲོད”ཐུབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་འདུའི་སྟེང་། ཟླ9པའི་ཚེས18ཉིན་གྱི་ཞིང་ཆེན་ཡོངས་ཀྱིས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་། གཙོ་གནད་ལས་དོན་སྐུལ་འདེད་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་དང་ཛ་དྲག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བར་བརྒལ་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་ལས་དོན་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་མ་དངུལ་གཏོང་སྒོ་དང་། རྣམ་གྲངས་འཛུགས་སྐྲུན། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། མཐར་ཕྱིན་སློབ་མའི་ལས་ཞུགས་སོགས་ཀྱི་བྱ་བ་དང་དེ་བཞིན་ཚུར་ལན་སྤྲད་པའི་གནད་དོན་སྣ་ཚོགས་ལེགས་བཅོས་བྱེད་པའི་ལས་དོན་མཐའ་དག་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་། ཞིབ་བཤེར་བསུ་བའི་གྲ་སྒྲིག་གི་རྨང་གཞིའི་ལས་དོན་སྣ་ཚོགས་ཏན་ཏིག་གིས་ལེགས་པར་བསྒྲུབས་ནས་ཁུལ་ཡོངས་ཀྱི་ལོ་ལྔའི་བར་བརྒལ་གྱི་ལས་དོན་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་འགན་ལེན་བྱ་དགོས་ཟེར།
ཚོགས་འདུ་ལས《ཧི་ནན་རྫོང་གསེར་ལུང་ཤང་གི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད(2021-2035ལོ)》སོགས་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་མོས་མཐུན་བྱུང་བ་དང་། ཚོགས་འདུའི་བསམ་འཆར་གཞིར་བཟུང་སྟེ་སྔར་ལས་བཟོ་བཅོས་འཐུས་ཚང་དུ་བཏང་རྗེས་དཔར་འགྲེམ་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན།