ད་ལོར་དུས་ཆེན་གཉིས་མཉམ་དུ་འཁེལ་བས།གུང་གསེང་གི་དཔལ་འབྱོར་ལ་གསོན་ཤུགས་གསར་བ་བསྩལ།མཚོ་ལྷོ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་བསྐྱོད་ཁུལ་ཅེས་པའི་ལྟེ་བའི་གནས་ཐིག་ལ་གཞིགས་ནས།སྔོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་ཞབས་ཞུའི་འགན་སྲུང་ཇེ་དྲག ཐོན་རྫས་མཁོ་སྤྲོད་གསར་སྤེལ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྣ་མང་ཅན་དང་སྤུས་དག་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་རང་འགུལ་ངང་བསྟུན་ཅིང་། རིག་གནས་དང་ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་གཙོ་གནད་དུ་བཟུང་ནས།གུང་གསེང་ལ་གསོལ་སྟོན་ཆེན་མོ་ཞིག་བཤམས་པར་ནུས་པ་བཏོན་སྟེ། དུས་ཆེན་གྱི་རྣམ་པ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་ཕན་ཚུན་མཐུན་པར་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་མོ་བསྣན་ཡོད།
མང་ཚོགས་གུང་གསེང་གི་སྐབས་སུ་ཕྱིར་བསྐྱོད་པའི་དགོས་མཁོ་ལ་གཞིགས་ནས། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཡུལ་སྐོར་དང་ལམ་ཐག་ཐུང་བའི་ཡུལ་སྐོར།མཐའ་འཁོར་ས་ཁུལ་གྱི་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་བཅས་བྱེད་ཐབས་སྣ་མང་སྤྱད་དེ།རིག་གནས་ཡུལ་སྐོར་དང་ཞིང་ལས།ལུས་རྩལ་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་སྒོས། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག29འཆར་འགོད་ཞིབ་ཕྲ་བཟོས། ལམ་ཐིག་དེ་དག་གི་ནང་དུ་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ལྗོངས་ཁུལ་དང་རྫོང་རུ་རིག་གནས་ཤུལ་བཞག་སོགས་འདུས་པ་མ་ཟད། གྲོང་གསེབ་ཏུ་སིལ་ཏོག་དང་སྔོ་ཚལ་བཏོག་པ་དང་།དམངས་སྲོལ་རིག་གནས་ལ་རོལ་མྱོང་བྱེད་པ་སོགས་ཀྱང་འདུས་པས།ཡུལ་སྐོར་བས་འགྲོ་ཞོར་དུ་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་འཚར་སྡུག་ཉམས་ལེན་བྱ་ཐུབ། དུས་མཚུངས་སུ། རིགས་ཆེན་པོ4ཡི་རྣམ་གྲངས14ཡི་གཙོ་གནད་བྱ་འགུལ་དང་རྣམ་གྲངས10ཡི་སྤུས་ལེགས་ཞབས་ཞུ་སྒྲུབ་ཐབས་ཇུས་འགོད་བྱས། གྲངས་ཀ་ལས་ཁྲོམ་རའི་གསོན་ཤུགས་བདེན་དཔང་ར་སྤྲོད་བྱེད་ཐུབ་པ་སྟེ།གུང་གསེང་གི་སྐབས་སུ་ཁུལ་ཡོངས་ནས་བསྡོམས་པས་ཡུལ་སྐོར་བ་ཁྲི54.17སྣེ་ལེན་བྱས་ཤིང་།ལོ་སྔོན་མའི་དུས་མཉམ་དང་བསྡུར་ན22.70%འཕར་ཡོད་ལ།ཡུལ་སྐོར་ཡོང་སྒོ་སྒོར་ཁྲི6684.23མངོན་འགྱུར་བྱུང་ཞིང་།ལོ་སྔོན་མའི་དུས་མཉམ་དང་བསྡུར་ན17.56%འཕར་བས།རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཚོང་རར་གྲངས་ཚད་དང་སྤུས་ཚད་མཉམ་འཕར་གྱི་རྣམ་པ་བཟང་པོ་མངོན་ཡོད།
རིག་གནས་ཀྱི་བླ་སྲོག་ནི་ལུས་རྩལ་ལས་ཐོན་པས། གུང་གསེང་གི་འཚོ་བར་སྔར་ལས་བཀྲག་མདངས་བསྣན་ཡོད། ཁུལ་ཡོངས་ནས་དུས་མཉམ་དུ་རྒན་དར་གཞོན་གསུམ་ལ་འཚམ་པའི་རིག་གནས་ལུས་རྩལ་བྱ་འགུལ་རྣམ་གྲངས47ཁྱབ་གདལ་དུ་བཏང་ཞིང་།དེར་རིག་གནས་འཁྲབ་སྟོན་དང་གཟུགས་འདས་ཤུལ་བཞག་དངོས་པོར་རོལ་མྱོང་བྱེད་པ།ལུས་རྩལ་འགྲན་དོན།ཟས་རིགས་འགྲེམ་སྟོན། སྤྱི་བའི་རིག་གནས་ཞབས་ཞུ་སོགས་མངའ་ཁོངས་མང་པོ་འདུས་པས། ཉིན་རྒྱུན་བྱ་འགུལ་ཡོད་པ་དང་གང་སར་ངོ་མཚར་ལྡན་པ་ཞེས་པའི་རེ་སྨོན་མངོན་འགྱུར་བྱུང་ཡོད། དེའི་ཁྲོད་ཀྱི་མཚོ་སྔོན་པོ་རྟགས་མའི་རྐང་གྲུག་རྩ་འཛུགས་སྡེ་ཁག་གི་རྟིང་རྩོད་འགྲན་བསྡུར་སྐབས་དང་པོ་དང་རྐང་གྲུག་རྩེ་རིམ་འགྲན་བསྡུར་སྐབས་དྲུག་པར་ཞིང་ཆེན་ནང་ཁུལ་གྱི་སྟོབས་ལྡན་རུ་ཁག་མང་པོ་འདུས་ཤིང་། ཛ་དྲག་གི་འགྲན་བསྡུར་ལས་དམངས་ཡོངས་ཀྱི་ལུས་རྩལ་གྱི་སྤྲོ་སེམས་ཆེ་རུ་བཏང་།རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་ས་ཁུལ་དགུ་ཡི་མཛའ་གཞས་གདན་ཞུ་འགྲན་བསྡུར་སྟེང་ས་ཁུལ་སོ་སོའི་གླུ་བ་གླུ་མ་མང་པོ་མཉམ་འཛོམས་བྱུང་ནས།སྙན་འཇེབས་ཀྱི་གླུ་སྐད་ཀྱིས་རྨ་ཆུའི་རིག་གནས་ཀྱི་མཛེས་ཉམས་བརྒྱུད་སྒྲོག་བྱས། རྫོང་རུ་རིག་གནས་རྟགས་མའི་ནུབ་བྱང་ས་ཁུལ་གྱི་ལག་རྩལ་སྤོ་ལོའི་གདན་ཞུ་འགྲན་བསྡུར་གྱིས་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲན་ཞུགས་པ་མང་པོའི་ཡིད་དབང་བཀུག་སྟེ།རིག་གནས་བརྗེ་རེས་ཀྱི་ཟམ་པ་བསྐྲུན།དེ་མིན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་བཟོས་ཉམས་ལེན་འགྲེམས་སྟོན་དང་ཁྱད་ལྡན་ཟས་རིགས་འགྲེམས་སྟོན།གྲོང་གསེབ་ཀྱི་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་དུས་མཉམ་དུ་སྤེལ་ནས།ཡུལ་སྐོར་བར་རིག་གནས་ཀྱི་གཞི་རྩ་དང་ས་གནས་ཀྱི་ཁྱད་ཆོས་ལ་རོལ་མྱོང་བྱེད་དུ་བཅུག་པ་རེད།
བསྡོམས་རྩིས་ལྟར་ན། གུང་གསེང་གི་སྐབས་སུ་ཡུལ་སྐོར་བ་ཁྲི9.5ཡིས་འཁྲབ་སྟོན་སྣ་ཚོགས་ལ་བལྟས་པ་དང་མི་ཐེངས་ཁྲི་108.35ཡུལ་དངོས་བྱ་འགུལ་གྱི་ནང་དུ་ཞུགས།མི་ཐེངས་ཁྲི70ཡིས་ཐད་གཏོང་སྟེགས་བུ་བརྒྱུད་ནས་དུས་ཆེན་ལ་རོལ་བས།ཡུལ་དངོས་དང་དྲ་ལམ་མཉམ་འགུལ་བྱེད་པ་དང་ཕྱི་ནང་མཉམ་སྤྲོ་བྱེད་པའི་སྣང་ཚུལ་བཟང་པོ་ཞིག་ཆགས་པར་བྱས་ཏེ།མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད།