མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཉེ་ཆར་ཀོས་ནན་རྫོང་དུ་དུས་ཚིགས་གསུམ་པའི་འཆར་ཅན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཚུན་ལ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་སྤྱོད་མ་དངུལ་གྱི་ལས་གཞིའི་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་རྩིས་ཐོ་ཁྱབ་བསྒྲགས་བྱས།
ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་སྐྱེ་ཁམས་ཁོར་སྲུང་གི་ལས་གཞི30ལག་བསྟར་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར12.56བཏང་ནས། རྣམ་གྲངས་མང་པོའི་ཁོར་ཡུག་དམིགས་ཚད་མངོན་གསལ་གྱིས་ཇེ་ལེགས་དང་སྐྱེ་ཁམས་ཀྱི་ཕན་འབྲས་དེ་གྲོང་ཁྱེར་མཛེས་བསྒྱུར་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་མངའ་ཁོངས་སུ་རྒྱུན་བསྲིངས་ཡོད། ཤེས་གསལ་ལྟར་ན།ལག་བསྟར་བྱས་པའི་ལས་གཞི30ཡི་ཁྲོད་དུ། ཆུའི་འབག་བཙོག་འགོག་བཅོས་ལས་གཞི15ཡོད་ཅིང་། དེར་མ་དངུལ་སྒོར་དུང་ཕྱུར11.57བཏང་བས། སྤྱིའི་མ་དངུལ་གྱི92%ཟིན། རླུང་ཁམས་ཆེན་མོའི་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི5149དང་། ས་རྒྱུའི་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི1820། དེ་མིན་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི3000བཏང་བ་རེད།
ད་ལོར་ཡར་ཞུ་བྱས་པའི་ཆུའི་འབག་བཙོག་འགོག་བཅོས་ལས་གཞི་གཙོ་བོའི་འཕེལ་རིམ་བདེ་བླག་ཡིན་ལ། ལས་གཞི་གསུམ་ལ་སྒོར་དུང་ཕྱུར2.59ཡི་རྒྱབ་སྐྱོར་ཐོབ་པས། ཁྲི་ཀ་རྫོང་གི་ལན་ཆོན་ཆུ་བོའི་སྐྱེ་ཁམས་སླར་གསོ་དང་ཀབ་རོན་ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་བཟོ་སྐྲུན་གལ་ཆེན་འདུས། ད་རུང་འཆར་འགོད་ལས་གཞི5ཡིས་ཞིབ་བཤེར་ཆོག་མཆན་ཐོབ་པར་སྒུག་ཡོད་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར1.29བཏང་ཅིང་། དེར་ཆུའི་མགོ་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་བཙོག་ཆུ་ཕུད་སའི་བཅོས་སྐྱོང་སོགས་འདུས།
སྐྱེ་ཁམས་ལེགས་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་ལ། ད་ལོའི་ཟླ1པོ་ནས་ཟླ8པའི་བར། ཁུལ་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས227ལ་སླེབས། མཁའ་དབུགས་ལེགས་ཚད97%ཟིན་ཡོད། ལོ་སྔོན་མ་ལས0.4%མཐོ་རུ་ཕྱིན་པ་དངPM_[2.5]གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ19ལ་ཚོད་འཛིན་ཐུབ་ཡོད།
ཆུའི་ཁོར་ཡུག་གི་སྤུས་ཚད་དེ་བས་མངོན་གསལ་དོད་པོ་ཡིན་ལ། ཐང་ནག་ཚོད་འཛིན་བཅད་ངོས་དང་ཚལ་རྔ་འགག་ཆུ་མཛོད་སོགས་གཙོ་གནད་ཁུལ་གྱི་ཆུའི་སྤུས་ཚད་ཆ་སྙོམས་རིགསⅡཡན་ལ་སླེབས་ཤིང་། རྨ་ཆུའི་ཆུ་ལག་འབའ་ཆུ་སོགས་ཀྱི་བཅད་ངོས་ལ་ལྟ་ཞིབ་ཚད་ལེན་བྱས་པར་ཆུའི་སྤུས་ཚད་རིགསⅢདང་དེའི་ཡན་ལ་སླེབས་ནས། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཚད་གཞི་ལོན་ཚད100%ཟིན་ཡོད། ལས་གཞི་རིམ་གྲས་རིམ་རྩིས་བྱས་ན་ཆུའི་འགྲམ་རྒྱུད་སྤྱི་ལེ97.44ཉམས་གསོ་དང་བཅོས་སྐྱོང་བྱས་པ་དང་། སྐྱེ་ཁམས་བཀག་འགོག་ཁུལ་སྤྱི་ཆིང121.21དང་ཆུ་ཁུངས་གསོ་སྐྱོང་སྔོ་ཁེབས་ཁུལ་སྤྱི་ཆིང380.98གསར་སྣོན་བྱས་པ་དང་། བརླན་ས་སྤྱི་ཆིང36.59ཉམས་གསོ་བྱས། སྐྱེ་ཁམས་ཕན་འབྲས་དེ་མགྱོགས་མྱུར་སྒོས་ཕྱོགས་བསྡུས་ཕན་འབྲས་སུ་བསྒྱུར་ཏེ། ཆུའི་སྐྱེ་ཁམས་ཞན་འགྱུར་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་སུ་བཏང་།