ཁྲི་ཀ་རྫོང་གིས་ཁྱད་ལྡན་སྔོ་ཚལ་ལ་བརྟེན་ནས་ལྗང་མདོག་གི་ཕྱུག་འགྱུར་ལམ་བུ་བཏོད།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

    མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། ཁྲི་ཀ་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་དང་ཐོན་རྫས་གསར་གཏོད་སྔོག་འདོན་བྱས་ཤིང་། ཀབ་རོན་གཞུང་ཤང་གི་སྒོག་མྱུག་འདེབས་འཛུགས་རྟེན་གཞི་དང་གསོན་ཤུགས་རྒྱས་པའི་གྲང་ཚལ་འདེབས་འཛུགས་ཞིང་ཁ་འདེབས་འཛུགས་རྟེན་གཞི་ཐོན་ལས་སྒྲུབ་རིམ་རྒྱ་བསྐྱེད་དེ། ཁྲི་ཀའི་སྔོ་ཚལ་ཡུལ་ཕྱོགས་གཞན་གྱི་ཁྲོམ་རར་ཕྱིར་གཏོང་བྱས་ནས་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་ཕྱུག་འགྱུར་ལམ་བུ་བཙལ་ཐུབ་ཡོད།         

    ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་ཞིང་བ་གོང་མ་སྡེ་བའི་སྒོག་མྱུག་འདེབས་འཛུགས་རྟེན་གཞི་རུ་སྒོག་མྱུག་གི་སྐྱེ་སྟོབས་ལེགས་ཤིང་ཞིང་བ་ཁྱིམ་ཚ་རྣམས་སྒོག་མྱུག་བསྡུ་ལེན་དང་སྡོམ་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག སྐྱེ་སྟོབས་ཀྱི་དཔལ་འབར་བའི་འདེབས་འཛུགས་རྟེན་གཞི་ནི་འདེབས་འཛུགས་ཁྱིམ་ཚང་གི་རེ་བའི་ཞིང་ས་ཡིན་ལ། མཐའ་འཁོར་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ལས་རྐང་ཞིག་ཏུའང་གྱུར་ཡོད།  

    ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་ཞིང་བ་གོང་མ་སྡེ་བའི་མང་ཚོགས་ལིས་ཐིན་ཝུན་གྱིས་བཤད་རྒྱུར། ད་ལོར་ངས་ང་ཚོའི་སྡེ་བར་ས་མུའུ170འཁོར་རྒྱུག་བྱེད་དུ་བཅུག་ནས་ཞིང་སར་སྒོག་མྱུག་བཏབ་ཡོད། ད་ལོར་སྒོག་མྱུག་གི་ཁྲོམ་རའི་གནས་ཚུལ་བཟང་ཞིང་། མུའུ་རེར་རྒྱ་མ་སྟོང་བརྒྱད་ནས་ཁྲི་གཅིག་ལ་སླེབ་ཐུབ། ད་ལྟའི་ཁྲོམ་རའི་རིན་གོང་ནི་སྒོར་གཉིས་དང་ཟུར་བརྒྱད་ནས་སྒོར་གསུམ་བར་ཡིན་ལ། ལོ་རེར་ཀན་སུའུ་ཞིང་ཆེན་གྱི་ལིན་ཐའོ་དང་ལན་གྲུ ཐེན་ཧྲེ། དབྱིན་ཁྲོན་སོགས་ཁྲོམ་ར་ཆེན་པོ་ཁག་ལ་ཕྱིར་འཚོང་བྱེད་ཀྱིན་ཡོད། ཉིན་རེར་རླངས་འཁོར4ནས5དང་རྒྱ་མ་ཁྲི20ནས་ཁྲི30གཏོང་ཐུབ་ཀྱིན་ཡོད། ཉིན་རེར་ལས་བཟོ་བ100ཡས་མས་ཀྱི་ངལ་རྩོལ་ནུས་ཤུགས་དགོས་པ་དང་ལས་བཟོ་བ་རྣམས་ཀྱིས་ཉིན་རེར་སྒོར200ནས300བཙལ་ཐུབ་ལ། ལོ་གཅིག་རིང་གི་ཡོང་སྒོ་ཡང་བཟང་གི་ཟེར།    

    ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཡིན་། གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྐུལ་འདེད་འོག ཁྲི་ཀ་རྫོང་གིས་ཞིང་ལས་ཐོན་ལས་གྲུབ་སྟངས་ཧུར་ཐག་སྒོས་ལེགས་སྒྲིག་བྱས་ཏེ་ཞིང་ལས་བདག་གཉེར་གཙོ་བོ་གསར་བ་ནུས་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཤིང་། སྔོན་ཆད་ཐར་ཐོར་དུ་གནས་པའི་ས་ཞིང་དག་ད་ལྟ་དེང་རབས་ཅན་དང་གཞི་རྒྱ་ཅན་གྱི་འདེབས་འཛུགས་རྟེན་གཞི་རུ་འཕེལ་རྒྱས་སུ་བཏང་ནས། མཚོ་སྔོན་ཆིན་ཆིན་མཐོ་སྒང་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་ལྟ་བུའི་ཁེ་ལས་ཀྱང་བཅའ་སྡོད་བྱས་ཡོད། འཁྱག་ཁང་དུ་ཧྲང་ཧེ་ཆིན་སྔོ་ཚལ་སྡམ་མ་དག་རིགས་བཀར་ནས་རིམ་བཞིན་ཟོག་འདྲེན་རླངས་འཁོར་དུ་འཇུག་བཞིན་ཡོད་པ་དང་མི་འགྱངས་བར་ཞིང་ཆེན་ཕྱི་ནང་གི་ཁྲོམ་རར་བཏང་ནས། མཐོ་སྒང་གི་གྲང་ཚལ་ཡུལ་གྲུ་གཞན་དག་ལ་མཁོ་འདོན་བྱས། 

    མཚོ་སྔོན་ཆིན་ཆིན་མཐོ་སྒང་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཝུའུ་ཞུ་ལིག་གིས་བཤད་རྒྱུར། ང་ཚོ་ཀུང་ཟིས་ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་དུ་བསྡོམས་པས་ས་མུའུ་ཉིས་སྟོང་ཉིས་བརྒྱ་འཁོར་རྒྱུག་བྱེད་དུ་བཅུག་ཡོད་པ་དང་དེ་ལས་ལྗང་མདོག་གི་སྔོ་ཚལ་ཧྲང་ཧེ་ཆིན་དང་འཁན་ཚལ། ཚལ་སྣག་སོགས་བཏབ་ནས་སྐྱེ་ལྡན་ལྗང་མདོག་སྔོ་ཚལ་རྒྱུན་མཐུད་ངང་ཕྱིར་གཏོང་བྱས་ཤིང་། ང་ཚོའི་ལྗང་མདོག་སྐྱེ་ལྡན་སྔོ་ཚལ་ཧྲང་ཧེ་དང་ནན་ཅིན་སོགས་གྲོང་ཁྱེར་ཆེན་པོ་དག་ལ་གཏོང་བཞིན་ཡོད་ཟེར། 

    ཁེ་ལས་བཅའ་སྡོད་བྱས་པ་ལས་སྔོན་ཐོན་ལག་རྩལ་དང་གཏན་འཇགས་ཀྱི་ཁྲོམ་རའི་ཐབས་ལམ་བསྩལ་ནས། ལས་ཞུགས་ཀྱི་ལས་རྐང་ཐད་ཀར་དུ་སྡེ་མིའི་སྒོ་ཁར་བསྐྱལ། སྔོ་ཚལ་འཁྱག་ཁང་དུ་ཀྲའོ་ལན་ལན་གྱིས་སྔོ་ཚལ་གྱི་རིགས་བཀར་ནས་སྡོམ་བཞིན་ཡོད་པ་དང་ལས་ཀ་འདི་ལས་ཁོ་མོས་ཡོང་སྒོ་བཙལ་ཐུབ་པ་དང་ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ།   

    ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་སྟོང་ཆེ་འབུམ་ཁོ་སྡེ་བའི་ཀྲའོ་ལན་ལན་གྱིས་བཤད་རྒྱུར། ངས་གནས་འདིའི་འཁྱག་ཁང་དུ་སྔོ་ཚལ་རྒྱ་མར་ཚད་བ་དང་རླངས་འཁོར་དུ་འཇུག་པ་སོགས་ཞོར་ལས་གཉེར་བཞིན་ཡོད། ཉིན་རེར་སྒོར་བརྒྱ་ལྷག་ཙམ་གྱི་ཡོང་སྒོ་བཙལ་ཐུབ་པ་མ་ཟད་ཁྱིམ་ཚང་ལའང་ལྟ་སྐྱོང་བྱེད་ཐུབ་ཟེར།       

    མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་འོག ཁྲི་ཀ་རྫོང་གིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཐོན་ལས་གཞི་རྒྱ་ཅན། སྤུས་ལེགས་ཅན། ཚོང་རྟགས་ཅན་བཅས་འཕེལ་རྒྱས་སུ་བཏང་ཞིང་། སྔོ་ཚལ་ས་ཞིང་དག་ཕྱུག་འགྱུར་གྱི་ཞིང་ཁར་བསྒྱུར་བ་དང་ལས་ཞུགས་ལས་རྐང་རེ་རེས་བདེ་སྐྱིད་ཀྱི་ཁྱིམ་ཚང་ལ་གཞོགས་འདེགས་བྱས་ནས། ཁྱད་ལྡན་ཐོན་ལས་ཀྱིས་ཁྲི་ཀ་རྫོང་གི་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྩལ།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།