ཐུན་ཏེ་རྫོང་གིས་མ་དངུལ་སྒོར་ཁྲི2050བཏང་སྟེ་དྲོད་འདོན་མ་ལག་རིམ་སྤར་བྱས།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

    ཉེ་ཆར། སྤྱིའི་མ་དངུལ་སྒོར་ཁྲི2050ཅན་གྱི་དྲོད་འདོན་སྦུག་དྲའི་རིམ་སྤར་བཟོ་སྐྲུན་དེ་ཐུན་ཏེ་རྫོང་དུ་དངོས་སུ་ལས་མགོ་བརྩམས་ཤིང་། ལས་གཞི་དེར་སྦུག་དྲ་བསྒྱུར་བཀོད་འཛུགས་སྐྲུན་དང་དྲོད་བསྒྱུར་ས་ཚིགས་རིམ་སྤར། རིག་ནུས་མ་ལག་ནང་འདྲེན་སོགས་ཀྱི་ནང་དོན་ཆེན་མོ་གསུམ་འདུས་ལ། ཁུལ་གསར་དང་གྲོང་བསྐོར་བྱང་ལམ་ས་ཁུལ་གྱི་རྨིད་གྲུ་བཞི་མ་ཁྲི43གྱི་དྲོད་འདོན་དཀའ་བའི་གནད་དོན་ཐག་བཅད་དེ། སྡོད་དམངས་ཁྲི་ལྷག་ལ་རིག་ནུས་ཀྱི་དྲོད་ཁོལ་ཞིག་སྦྱིན་པར་འགན་ལེན་བྱ་རྩིས་ཡོད།

    ཐུན་ཏེ་རྫོང་གི་མཁར་གྲོང་འཕེལ་རྒྱས་ཇེ་མགྱོགས་དང་ཁུལ་གསར་སྡོད་དམངས་ཇེ་མང་དུ་སོང་བ་དང་བསྟུན་ནས། གྲོང་བསྐོར་བྱང་ལམ་ས་ཁུལ་གྱི་སྦུག་དྲ་རྙིང་བའི་བཀོལ་སྤྱོད་བྱེད་ཡུན་རིང་བ་དང་སྦུག་ལམ་འགག་པ། དྲོད་འདོན་ཞན་པ་དང་བདེ་འཇགས་བྱུར་རྐྱེན་མང་བ་སོགས་ཀྱི་གནད་དོན་ལ་གཞིགས་ནས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དྲོད་འདོན་རིམ་སྤར་བཟོ་སྐྲུན་དེ་ད་ལོའི་གཙོ་གནད་དམངས་ཚིས་དོན་དངོས་སུ་བཟུང་སྟེ། ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་ལག་བསྟར་གྱི་འཆར་འགོད་གཏན་འཁེལ་བྱས་ནས་དྲོད་འདོན་གྱི་གནད་དོན་གཞི་རྩ་ནས་ཐག་གཅོད་བྱེད་པར་འབད་འབུངས་བྱེད་བཞིན་ཡོད།

    ཐེངས་འདིའི་བཟོ་སྐྲུན་བསྒྱུར་བཀོད་རིམ་སྤར་ནི་མང་ཚོགས་ཀྱིས་བཏོན་པའི་དྲོད་ཞན་ས་ཁུལ་དང་གནད་འཁེལ་འཛུགས་སྐྲུན་གྱི་ནང་དོན་ལ་དམིགས་པ་ཡིན་ལ། སྦུག་དྲའི་བསྒྱུར་བཀོད་ཐད་ནས། གསར་འཛུགས་དང་བསྒྱུར་བཀོད་བྱས་པའི་དྲོད་འདོན་སྦུག་དྲའི་སྤྱིའི་རིང་ཚད་ལ་སྤྱི་ལེ11.7ཡོད་ལ། གཙོ་བོ་ཁུལ་གསར་གྱི་སྡོད་ཁུལ་དང་གྲོང་བསྐོར་བྱང་ལམ་གྱི་གཞིས་ཁུལ་གསར་རྙིང་། དེ་མིན་དེའི་མཐའ་འཁོར་གྱི་གཅིག་བསྡུས་ཚོང་ཁང་ས་ཁུལ་བཅས་སུ་ཁྱབ་ཡོད་ལ། རིག་ནུས་ཅན་གྱི་རིམ་སྤར་དེ་ཐེངས་འདིའི་བཟོ་སྐྲུན་གྱི་གནད་འགག་ཅིག་ཏུ་གྱུར་ཡོད། ལས་གཞི་འདི་ལས་དྲོད་འདོན་རིག་ནུས་ལྟ་སྐུལ་མ་ལག་ཆ་ཚང་ནང་འདྲེན་བྱས་ཏེ། སྦུག་དྲའི་གཙོ་གནད་མཐུད་མཚམས་དང་སྦུག་དྲའི་དྲོད་བསྒྱུར་ས་ཚིགས་ཀྱི་སྒྲིག་ཆས་སྟེང་དུ་དྲོད་ཚད་ཀྱི་ཚོར་བརྡ་བརྒྱུད་གཏོང་སྒྲིག་ཆས་ལྷུ་སྒྲིག་བྱེད་པ་དང་། གནོན་ཤུགས་བསྒྱུར་སྤྲོད་སྒྲིག་ཆས་སོགས་ལྟ་སྐུལ་སྒྲིག་ཆས120ལྷག་མཁོ་འདོན་བྱས་ཏེ། དྲོད་འདོན་ཆུའི་དྲོད་ཚད་དང་སྦུག་དྲའི་གནོན་ཤུགས། ནུས་ཟད་གཞི་གྲངས་སོགས་བསྡུ་སྒྲིག་དང་བརྒྱུད་སྤྲོད་བྱེད་པ་མངོན་འགྱུར་བྱུང་ཡོད། 

    རྒྱུས་ལོན་བྱས་པ་ལྟར་ན། དྲོད་འདོན་དོ་དམ་ལས་བཟོ་བས་རིག་ནུས་ཀྱི་སྟེགས་བུ་བརྒྱུད་དེ་སྤྱིའི་དྲོད་འདོན་སྦུག་དྲའི་འཁོར་བསྐྱོད་ཀྱི་རྣམ་པར་རྒྱུས་ལོན་བྱ་ཐུབ་སྟེ། སྦུག་དྲ་འགག་པ་དང་སྒྲིག་ཆས་འཁོར་བསྐྱོད་མི་ཐུབ་པ་སོགས་ཀྱི་གནད་དོན་བྱུང་ཚེ། མ་ལག་ལས་ཉེན་བརྡ་གཏོང་བ་མ་ཟད་གནད་དོན་བྱུང་བའི་གནས་གསལ་བོར་སྟོན་ཐུབ་པས། གནད་དོན་ཐག་གཅོད་བྱེད་པའི་དུས་ཡུན་དེ་སྔོན་གྱི་ཆུ་ཚོད4ནས་ད་ལྟའི་ཆུ་ཚོད1ཏུ་ཇེ་ཐུང་དུ་བཏང་ཡོད། མ་ལག་དེར་དྲོད་བསྒྱུར་ས་ཚིགས་ཀྱི་གཞི་གྲངས་འབྲེལ་མཐུད་བྱེད་ས5བཙུགས་ཏེ། མ་འོངས་བའི་གྲོང་ཁྱེར་དྲོད་འདོན་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། 

    སྔོན་རྩིས་བྱས་པ་ལྟར་ན། ལས་གཞི་ལེགས་འགྲུབ་བྱུང་རྗེས། ཁུལ་གསར་གྱི་རྨིད་གྲུ་བཞི་མ28དང་གྲོང་བསྐོར་བྱང་ལམ་གྱི་རྨིད་གྲུ་བཞི་མ15ཡི་ས་ཁུལ་གྱི་དྲོད་འདོན་གཏན་འཇགས་ཀྱི་ཚད་མཐོར་འདེགས་སུ་བཏང་སྟེ། ཁང་བའི་ནང་གི་དྲོད་ཚད་ཏུའུ20ནས22ལ་སླེབས་ཡོད་པས། ཁྱིམ་ཚང་ཁྲི1གི་ཁྱིམ་མི་ཁྲི3.5ལ་ཕན་བདེ་བསྐྲུན་ཡོད། དུས་མཚུངས་སུ། རིག་ནུས་སྡེབ་སྒྲིག་དང་སྒྲིག་ཆས་རིམ་སྤར་བྱས་པ་བརྒྱུད་དེ། དྲོད་འདོན་མ་ལག་སྤྱིའི་ནུས་ཟད་ཚད15%ཇེ་དམའ་རུ་སོང་ནས་ལོ་རེར་རྡོ་སོལ་ཏུན800གྲོན་ཆུང་བྱེད་ཐུབ་པས། དཔལ་འབྱོར་ཕན་འབྲས་དང་ཁོར་ཡུག་ཕན་འབྲས་གཉིས་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།