མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

     རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲིད་སྟོན་འོག མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་འདེབས་འཛུགས་ལས་རིགས་དང་ཁྱད་ལྡན་འདེབས་འཛུགས་ཐོན་ལས་དེ་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་གནས་སུ་བཟུང་སྟེ། སོན་བཟང་གསོ་སྤེལ་ནས་གཟན་རྩྭ་མཁོ་སྤྲོད་བྱེད་པའི་བར་དུ་ཁེ་ལས་དང་མཉམ་ལས་ཁང་གིས་རྣམ་པ་གསར་པ་གསར་གཏོད་དང་། འབྲེལ་ཐག་རྒྱུན་བསྲིངས་ནས་ཞིང་ལས་འཕེལ་རྒྱས་གཏོང་བའི་ས་བོན་གྱི་རྨང་གཞི་བརྟན་པོར་བཏང་ཡོད་པ་མ་ཟད། རོང་འབྲོག་པའི་ཡོང་སྒོ་འཕར་བའི་ལམ་བུའང་རྒྱ་བསྐྱེད་དེ་ཕྱུག་འགྱུར་གྱི་འབྲས་བུ་སྨིན་ཡོད།

    ཁྲི་ཀ་རྫོང་ཅིན་སུའེ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་ཡུའུ་ཧྥུའུ་ཆང་གིས་བཤད་རྒྱུར། སྲན་མ་འདིའི་རིགས་ང་ཚོས་སྤྱིར་བཏང་དུ་ཟླ8པའི་ཟླ་དཀྱིལ་དུ་འདེབས་འཛུགས་བྱེད་པ་ཡིན་ལ། འདིའི་ནུས་པ་རིགས་གཉིས་སུ་དབྱེ་ཡོད། གཅིག་ནི་ས་རྒྱུ་ལེགས་བཅོས་བྱེད་པའི་ནུས་པ་དང་། གཉིས་ནི་རོང་འབྲོག་པའི་ནོར་ལུག་ལ་སྟོན་ཀར་རྩྭ་སྔོན་བཟའ་རྒྱུ་མེད་པའི་གནས་ཚུལ་འོག་སྟེར་བའི་གཟན་ཆས་ཀྱི་རིགས་ཤིག་ཡིན་ཟེར།

    ཞིང་ལས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོབ་དགོས་ན། སོན་བཟང་གདམ་རྒྱུ་ནི་འགག་རྩ་ཡིན། ཁྲི་ཀ་རྫོང་ཅིན་སུའེ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་ས་བོན་རྟེན་གཞི་རུ། ས་བོན་རེ་རེར་ཞིབ་མོས་གསོ་སྐྱོང་བྱས་ནས། ས་བོན་གྱི་སྤུས་ཀ་ཁག་ཐེག་བྱས་ཡོད་པ་མ་ཟད་མཐོ་སྒང་གི་གནམ་གཤིས་ལའང་འཚམ་པར་བྱས་ཡོད་ལ། ཅན་ཁོའོ་སྲན་མ་འདིའི་རིགས་ནི་འདི་ལས་གསོ་སྐྱོང་བྱས་པའི་སོན་བཟང་གི་རིགས་ཤིག་ཡིན། ཀུང་ཟི་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་མཉམ་འབྲེལ་གྱི་རྣམ་པར་བརྟེན་ནས། ཁེ་ལས་ཀྱིས་ས་བོན་གསོ་སྐྱོང་ནས་ཚོང་རར་མཁོ་སྤྲོད་བྱེད་པའི་འབྲེལ་ཐག་ཆ་ཚང་ཞིག་བཙུགས་ཡོད། ད་ལྟའི་ས་མུའུ་ཁྲི1 . 1གི་ཐོན་སྐྱེད་རྟེན་གཞི་ནི་ཁྲི་ཀ་རྫོང་གི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་རྨང་འདིང་ས་རུ་གྱུར་ཡོད།

    ཁྲི་ཀ་རྫོང་ཅིན་སུའེ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་ཡུའུ་ཧྥུའུ་ཆང་གིས་བཤད་རྒྱུར། 2025ལོར་ང་ཚོའི་ཀུང་ཟིས་སྔོན་དཔག་ལྟར་ན་ཞིང་ལས་ལོ་ཏོག་གི་རིགས་སྣ་ཚོགས་སྤྱི་རྒྱ་ཁྲི450ནས་ཁྲི500ཉར་འཇོག་བྱས་ཡོད་པས། ཞིང་ཆེན་ཕྱི་ནང་གི་མུའུ་ཁྲི20ཙམ་གྱི་ཞིང་སའི་སོན་བཟང་གི་དགོས་མཁོ་བསྐངས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞིར་འགན་སྲུང་བྱས་ཡོད་ཟེར།

    སོན་བཟང་གི་ཡོང་ཁུངས་ཁག་ཐེག་བྱས་ན། ཞིང་ལས་ཐོན་སྐྱེད་ཀྱི་གཞི་རྩ་བརྟན་པོར་གཏོང་ཐུབ་པ་མ་ཟད།ཞིང་ཁྱིམ་གྱི་ཡོང་འབབ་འཕར་བའི་ལྡེ་མིག་ལྟ་བུའང་གྱུར་ཡོད་ལ། ཅིན་སུའེ་ཞིང་ལས་ཀྱིས་སོན་བཟང་གི་སྤུས་ཀ་ཁག་ཐེག་བྱེད་པ་དང་ཆབས་ཅིག་ཏུ་མཐའ་འཁོར་ཞིང་ཁྱིམ་ལ་རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་འཕར་བའི་ལམ་བུ་ཞིག་ཀྱང་བཏོད་ཡོད།

    ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཆུ་ཁོལ་ཁྲེ་ཚེ་སྡེ་བའི་སྡེ་དམངས་ཀྲང་ཡན་ལིང་གིས་བཤད་རྒྱུར། ལོ་གཅིག་གི་རིང་ལ་འདི་གར་ཞོར་ལས་གཉེར་བ་ཡིན། ཉིན་གཅིག་ལ་སྒོར་བརྒྱ་ལྷག་གི་ཡོང་སྒོ་ཡོད་པ་མ་ཟད་ཁྱིམ་ལའང་བདག་སྐྱོང་བྱེད་ཐུབ་ཟེར། 

    གལ་ཏེ་སོན་བཟང་གསོ་སྐྱོང་བྱ་རྒྱུ་ནི་ཞིང་ལས་ཀྱི་རྨང་གཞི་ཡིན་ན། ཁྱད་ལྡན་འདེབས་འཛུགས་ནི་ཐོན་ལས་ཀྱི་འབྲེལ་ཐག་བསྲིངས་པའི་གཙོ་གནད་ཡིན། རྨ་ནུབ་གྲོང་རྡལ་ལྕང་ཚང་མ་སྡེ་བའི་ཏི་ཁྲིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ། ལས་སྒྲུབ་མི་སྣས་གོ་རིམ་ལྡན་པའི་ངང་མ་རྨོས་ལོ་ཏོག་གི་གཟན་རྩ་སྡོམ་བཞིན་ཡོད་པས། ཁྱད་ལྡན་འདེབས་འཛུགས་ཀྱི་ཐོན་ལས་འབྲེལ་ཐག་འདི་རུ་མུ་མཐུད་དུ་རྒྱུན་བསྲིངས་བཞིན་ཡོད།

    ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཏི་ཁྲིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ལིག་དབྱིན་ཨན་གྱིས་བཤད་རྒྱུར། ང་ཚོའི་མཉམ་ལས་ཁང་གིས་མཐའ་འཁོར་གྱི་སྡེ་བ་བཞིའི་ས་ཞིང་འཁོར་རྒྱུག་བྱས་ཏེ་གཙོ་བོར་སྔོ་གཟན་མ་རྨོས་ལོ་ཏོག་འདེབས་ཀྱིན་ཡོད་པས། མཐའ་འཁོར་མང་ཚོགས་ཀྱི་ལས་ཞུགས་སྐུལ་ཁྲིད་དང་དེང་རབས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ས་གནས་དེ་གའི་འདེབས་གསོ་ཞིང་ཁྱིམ་ལ་སྤུས་ལེགས་གཟན་རྩྭ་མཁོ་འདོན་བྱེད་ཐུབ་ལ། ད་ལོར་ང་ཚོས་ད་དུང་གཟན་རྩྭ་གཞན་ཡང་ནང་འདྲེན་བྱས་ཡོད་པས་མིག་སྔའི་སྐྱེས་སྟོབས་ཧ་ཅང་བཟང་ཟེར།

    མཉམ་ལས་ཁང་གི་འདེབས་འཛུགས་དང་ལས་སྣོན་གྱིས་སྡེ་དམངས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱུང་དུ་བཅུག་ཡོད་པ་དང་། ས་ཞིང་འཁོར་རྒྱུག་ལ་བོགས་དངུལ་ཡོད་པ་དང་། ཞིང་ཁའི་ལས་ཀར་གླ་ཕོགས་ཡོད་པས། ཡོང་འབབ་འདི་གཉིས་ཀྱིས་སྡེ་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ལྕང་ཚང་མ་སྡེ་བའི་སྡེ་དམངས་ཚེ་བྷོ་ཡིས་བཤད་རྒྱུར། ངེད་ཚང་ལ་ས་མུའུ4ཡོད་པ་དེ་ཏི་ཁྲིན་ཆེད་ལས་མཉམ་ལས་ཁང་ལ་བོགས་གཏོང་བྱས་ཤིང་། ལོ་གཅིག་གི་བོགས་དངུལ་སྒོར2000ཡོད། ང་རང་ལོ60ལ་སོན་ཡོད་པས་ཕྱི་རོལ་དུ་ལས་ཀར་འགྲོ་མི་ཐུབ་ལ། མཉམ་ལས་ཁང་ནང་དུ་མ་རྨོས་ལོ་ཏོག་བཏོག་པ་དང་ཆུ་གཏོང་བ། རྩྭ་ཐུམ་རྒྱག་པ་བཅས་ཀྱི་ཞོར་ལས་གཉེར་ན་ལོ་གཅིག་ལ་སྒོར་ཁྲི1ལྷག་ཙམ་གྱི་ཡོང་སྒོ་ཡོད་པས། ཁྱིམ་ཚང་གི་ཁུར་པོའང་ཇེ་ཡང་དུ་གཏོང་ཐུབ་ཟེར།

    སོན་བཟང་གསོ་སྐྱོང་ནས་གཟན་རྩྭ་འདེབས་འཛུགས་བྱེད་པའི་བར། ཁྲི་ཀ་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་ལས་ཀྱི་ཕན་འབྲས་བཟང་ལ་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་འདིས་མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་མངོན་ཡོད་པ་དང་། ཐོན་ལས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་བསྲིངས་བ་དང་བསྟུན་ནས། ཁྲི་ཀ་རྫོང་གིས་མུ་མཐུད་དུ་མཐོ་སྒང་གི་ཞིང་ལས་ཀྱི་གབ་ཤུགས་འདོན་སྤེལ་བྱས་ཏེ། མཚོ་ལྷོ་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་ནུས་ཤུགས་སྔར་ལས་མང་པོ་བསྩོལ་ངེས་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།