གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་ཆེད། ཐུན་རིན་གྲོང་ཁྱེར་གྱིས་སྡེ་སྡོད་སྟོབས་ཤུགས་གནད་འཁེལ་བཀོད་སྒྲིག་བྱེད་པར་དམིགས་ནས། ཟླ10པའི་ཚེས6ཉིན་བར། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་སྡེ་བ་སོ་དྲུག་ལ་སྡེ་སྡོད་ལས་བྱེད་མི་སྣ་བརྒྱ་དང་བརྒྱད་བཀོད་སྒྲིག་བྱས་ཏེ། དབུལ་ཐར་སྡེ་བ་ཉེར་བདུན་དང་། གཙོ་གནད་རོགས་སྐྱོར་སྡེ་བ་དྲུག་དང་གནས་སྤོར་སྡེ་བ་ལྔར་ཁེབས་ཡོད་ལ། རུ་མི་གསར་རྙིང་ཚང་མ་ཡོངས་སུ་བརྗེ་སྤོར་བྱས་ཤིང་། རུ་མི་གསར་བ་ཚང་མ་ལས་གནས་སུ་ཐོན་ནས། སྡེ་སྡོད་རོགས་སྐྱོར་ཕྱོགས་ཡོངས་ལ་ཁེབས་པ་དང་མཚམས་མི་ཆད་པ་མངོན་འགྱུར་བྱུང་།
ཐུན་རིན་གྲོང་ཁྱེར་གྱིས་ཏང་འཛུགས་ཀྱིས་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་གཉིས་མཉམ་འདྲེས་ཟབ་མོ་བྱེད་པ་རྒྱུན་འཁྱོངས་དང་། ཕུལ་བྱུང་མི་སྣ་འདེམས་ནས་མངགས་པ་དང་། བབ་བསྟུན་སྦྲེལ་མཐུད། དོ་དམ་ནན་མོ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། ལས་མི་དང་ལས་གནས་འོས་སྦྱོར་ལེགས་སྒྱུར་དང་། སྦྲེལ་མཐུད་རྣམ་པ་ཚད་ལྡན། དོ་དམ་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། སྡེ་སྡོད་རོགས་སྐྱོར་རྒྱུན་མཐུད་ཡར་སྐུལ་ལ་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་དགེ་མཚན་དེ་གྲོང་གསེབ་དར་སྤེལ་གྱི་ལག་བསྟར་ནུས་པ་དྲག་པོ་བསྒྱུར་དགོས།
ལས་མི་འདེམས་པ་དང་མངགས་པའི་ཐད། ཐུན་རིན་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་བྱང་ཚད་མཐོ་ལ་གཞི་རིམ་གྱི་ཉམས་མྱོང་ལྡན་པ། ཞབས་ཞུའི་འདུ་ཤེས་དྲག་པ་བཅས་ཀྱི་ལས་བྱེད་མི་སྣ་བདམས་ནས་སྡེ་སྡོད་བྱེད་དུ་བཅུག། དེ་དང་མཉམ་དུ་གྲོང་གསེབ་འཕེལ་རྒྱས་ཀྱི་མི་འདང་སར་དམིགས་ནས་དགོས་མཁོའི་ཁྲིད་ཕྱོགས་ཇེ་བརྟན་དུ་བཏང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཞན་ཆ་དང་སྡེ་བའི་ཏང་རྩ་འཛུགས་ཉམས་ཞན་ཁ་ཐོར་སོགས་ཀྱི་གནད་དོན་ལ་གཞིགས་ནས་ཆེད་ལས་འཇོན་མི་གནད་འཁེལ་བཀོད་སྒྲིག་བྱས་ཏེ། སྡེ་སྡོད་ལས་བྱེད་མི་སྣ་གནད་འཁེལ་སྒོས་ཁ་གསབ་བྱས་ནས་སྟོབས་ནུས་སྦྱིན་པར་ཁག་ཐེག་བྱས།
ལས་རེས་མི་སྣ་བརྗེ་རེས་བྱེད་པའི་སྐབས་ཀྱི་བྱ་བའི་ལས་མཚམས་ཆད་པར་བཀག་འགོག་བྱེད་ཆེད། ཐུན་རིན་གྲོང་ཁྱེར་གྱིས་བླང་བྱ་ལྟར་སྐོར་ཐེངས་གསུམ་བགོས་ནས་ལས་བྱེད་མི་སྣའི་བརྗེ་རེས་ལ་སྐུལ་འདེད་བཏང་བ་དང་། གསུམ་འཁུར་གསུམ་སྤྲོད་ཀྱི་རྩིས་སྤྲོད་རྐྱེན་སྲོལ་ལག་བསྟར་བྱས་པ་སྟེ། ལས་འགན་འཁུར་ནས་འགན་འཁྲི་སྤྲད་པ་དང་། རུ་མི་རྒན་པས་རུ་མི་གསར་བ་ཁྲིད་དེ་སྡེ་བའི་ལས་གཞིའི་ཡུལ་དངོས་ཚང་མར་ལྟ་རྟོག་བྱས་ཤིང་། ཞིང་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་དང་། སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་དང་བྱ་བའི་གཙོ་གནད་བརྒྱུད་སྤྲོད་བྱས། གསལ་ཐོ་ཁྱེར་ནས་བྱེད་ཐབས་སྤྲད་པ་དང་། སྡེ་སྡོད་ལས་བྱེད་མི་སྣ་བརྗེ་རེས་རྩིས་སྤྲོད་གསལ་ཐོ་གཏན་འབེབས་བཟོས་ལ། ཡུལ་དངོས་སྦྱོང་བརྡར་དཔེ་སྟོན་དང་སྡེ་བའི་གྱོད་དོན་ཕྱིར་དྲན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རུ་མི་གསར་བས་འགལ་བ་དང་རྩོད་གཞི་མགྱོགས་མྱུར་ངང་འདུམ་འགྲིག་བྱེད་པ་དང་ལས་གཞི་ལག་བསྟར་བྱེད་པའི་བྱེད་ཐབས་ཁོང་དུ་ཆུད་པར་རོགས་རམ་བྱས། དམངས་སེམས་ལ་བརྟེན་ནས་བརྩེ་བ་སྤྲད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། སྡེ་དམངས་ཀྱི་འཐུས་ཚབ་པ་གདན་ཞུ་བྱས་ནས་རྩིས་སྤྲོད་ཚོགས་འདུའི་བརྒྱུད་རིམ་ཧྲིལ་བོར་ཞུགས་སུ་བཅུག་ཅིང་། ལས་མི་རྒན་པས་ལས་ཀའི་གནས་ཚུལ་ཡར་ཞུ་དང་བྱས་འབྲས་ངོ་སྤྲོད་བྱས་པ་དང་། ལས་མི་གསར་བས་ཁས་ལེན་དམ་བཅའ་བཞག་ནས། སྡེ་སྡོད་འགན་འཁྲི་དང་དམངས་ལ་བཅངས་པའི་བརྩེ་སེམས་དེ་རྩིས་སྤྲོད་བརྒྱུད་རིམ་ཁྲོད་ཕན་ཚུན་བརྒྱུད་སྤྲོད་དང་བསྟུད་མར་རྒྱུན་འཛིན་ཐུབ་པར་བྱས།