ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཀོས་ནན་རྫོང་དུ་དུས་ཚིགས་གསུམ་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་གྱི། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དམིགས་མ་དངུལ་ལས་གཞི་འཛུགས་སྐྲུན་གྱི“གྲུབ་འབྲས་རེའུ་མིག”ཁྱབ་སྒྲོག་བྱས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མཚོ་ལྷོ་ཁུལ་གྱིས་བསྡོམས་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི30ལག་བསྟར་བྱས་པ་དང་། ཆེད་དམིགས་མ་དངུལ་ཁྱོན་བསྡོམས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་དྲུག་བཏང་ཡོད་ཅིང་། ཁོར་ཡུག་དང་འབྲེལ་བའི་དམིགས་ཚད་མང་པོ་མངོན་སུམ་གྱིས་ཇེ་ལེགས་སུ་ཕྱིན་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དེ་གྲོང་ཁྱེར་ཇེ་ཡག་ཏུ་གཏོང་བ་དང་གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་སུ་རྒྱ་བསྐྱེད་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ལག་བསྟར་བྱས་པའི་ལས་གཞི30ཁྲོད་ཆུའི་སྦགས་བཙོག་འགོག་བཅོས་ལས་གཞི15ཡོད་པ་དང་། མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་བདུན་བཏང་བ་དེ་སྤྱིའི་དངུལ་གཏོང་བསྡོམས་འབོར་གྱི92%ཟིན་ཡོད། རླུང་ཁམས་ཆེན་མོ་དང་ས་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞིར་སོ་སོར་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་བཞི་ཁྲི་དགུ་དང་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གཉིས། སྒོར་བྱེ་བ་གསུམ་བཅས་བཏང་། ད་ལོར་རེ་ཞུ་བྱས་པའི་ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། ལས་གཞི་གསུམ་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུའི་རྒྱབ་སྐྱོབ་ཐོབ་ཡོད་ཅིང་། དེའི་ནང་ཁྲི་ཀ་རྫོང་གི་ལན་ཆོན་ཆུའི་སྐྱེ་ཁམས་སླར་གསོ་དང་ཞི་ཧི་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་སོགས་གཙོ་གནད་བཟོ་སྐྲུན་འདུས་ཡོད། གཞན་ཡང་འཆར་འགོད་ལས་གཞི5ཡིས་ཞིབ་བཤེར་ཆོག་མཆན་ལ་སྒུག་ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་བཏང་བ་དེ། ཆུ་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་དང་བཙོག་འབུད་སྒོ་བཅོས་སྒྲིག་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།
སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན། ད་ལོའི་ཟླ་དང་པོ་ནས་ཟླ8པའི་བར། ཁུལ་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཉིན227ལ་སླེབས་པ་དང་ལེགས་ཚད97%ཡིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆའི0.4འཕར་ཡོད།