“བྱང་གསུམ”བཟོ་སྐྲུན་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཙ་རྫོང་གིས་རྒྱུན་མཐུད་ངང་སྐྱེ་ཁམས་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་། ཟླ10པའི་ཚེས4ཉིན་བར། གཅན་ཚ་རྫོང་གིས་སྤྱི་ཆིང་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་ལྷག་ལ་སྡོང་པོ་བཙུགས་པ་དང་། སྤྱི་ཆིང་ཁྲི་བཞི་སྟོང་གཉིས་བདུན་བརྒྱ་ལྷག་ལ་རི་བཀག་ནགས་གསོ་བྱས། སྔོན་ཆད་ཀྱི་མུག་རི་ཐང་སྟོང་ད་ལྟ་སྲ་བརྟན་གྱི་ལྗང་མདོག་གི་ལྕགས་རི་རུ་གྱུར་ཡོད་ལ། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་གྱི་སྲུང་ཡོལ་སྲ་བརྟན་དུ་བཏང་བ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་གཉིས་གཅིག་ལ་གཅིག་བརྟེན་སྒོས་ཕྱུག་འགྱུར་གྱི་ལམ་བུ་གསར་བའི་སྟེང་བསྐྱོད་པར་བྱས།
མཚོ་སྔོན“བྱང་གསུམ”བཟོ་སྐྲུན་ཐེངས་དྲུག་པའི་གཙོ་གནད་ས་ཁུལ་ཡིན་པའི་ཆ་ནས། གཅན་ཚ་རྫོང་གིས“ཆུ་མོའི་གཞུང་ལ་ལྗང་མདོག་ཁོར་ཡུག་བསྐྲུན།། རི་བོ་སྟོང་གི་ས་ཆུ་ལེགས་བཅོས་བྱེད།།”ཅེས་པའི་རིག་ལམ་སྲོག་ཤིང་གཞིར་བཟུང་ནས། སྐྱེ་ཁམས་སླར་བཅོས་དེ་འཕེལ་རྒྱས་ཀྱི་སྔོན་འགྲོ་བྱས་ཡོད། སྤྱིའི་མ་དངུལ་ལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་ཙམ་ཡོད་པའི། གཅན་ཚ་ནས་རེབ་གོང་བར་གྱི་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སླར་གསོ་ལས་གཞི་ལ་བརྟེན་ནས། རྒྱུན་མཐུད་ངང་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་འགོག་སྲུང་ཐིག་སྲ་བརྟན་བཏང་།
དོ་དམ་དང་སྲུང་སྐྱོབ་ལམ་ལུགས་སྟེང་ནས། གཅན་ཚ་རྫོང་གིས་ཁྱོན་ཡོངས་ནས་རིམ་པ་གསུམ་གྱི་ནགས་རྩྭའི་སྲུང་སྐྱོབ་འགོ་ཁྲིད་པས་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ནགས་སྲུང་དང་རྩྭ་སྲུང་གི་འགན་འཁྲིའི་འབྲེལ་བ་བཙུགས་ནས། “ནགས་རྩྭའི་སྲུང་སྐྱོབ་འགོ་བ་དང་སྐྱེ་ཁམས་སྲུང་སྐྱོབ་པ་གཉིས་མཉམ་འབྲེལ”བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་ལ་སྐུལ་འདེད་བཏང་། ལྷོ་རིའི་ནགས་ར་ཡི་ནགས་སྲུང་མི་སྣ44ཡིས་ཉིན་རྒྱུན་སྐོར་ཞིབ་དང་མེ་འགོག་ལྟ་སྲུང་། སྒྲིག་ཆས་ཞིག་གསོ་སོགས་ཀྱི་བྱ་བ་སྒྲུབ་པ་ལ་བརྟེན་ནས། འཛུགས་བསྐྲུན་དང་དོ་དམ་གཉིས་རྒྱལ་གྱི་ཡུན་རིང་བདག་གཉེར་མངོན་འགྱུར་བྱས།
སྐྱེ་ཁམས་དང་ཕྱུག་འགྱུར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་ནི་གཅན་ཚ་རྫོང་གི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན། གཅན་ཚ་རྫོང་གིས“བྱང་གསུམ” བཟོ་སྐྲུན་དང་ཕྱུག་འགྱུར་ཐོན་ལས་མཉམ་འདྲེས་སྒོས་སྐུལ་འདེད་བཏང་སྟེ། ཁམ་བུ་དང་སྟར་ཀ་སོགས་ནགས་སིལ་དཔལ་འབྱོར་སྤྱི་ཆིང266.67གསོ་སྐྱོང་བྱས་པ་དང་། མང་ཚོགས་ལ་སྣེ་ཁྲིད་དེ་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཞུགས་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་ལྔར་སླེབས། ལྷོ་རིའི་ནགས་ར་ཡིས་ས་གནས་མང་ཚོགས་བསྡུ་ལེན་བྱས་ཏེ་ནགས་སྲུང་བའི་འགན་ཁུར་དུ་བཅུག་སྟེ། ནགས་རར་སྲུང་སྐྱོབ་བྱས་ན་གླ་ཕོག་ཡོད་པ་དང་། ནགས་ར་འཛུགས་བསྐྲུན་བྱས་ན་ཁེ་ཕན་ཐོབ་པའི་རྣམ་པ་གྲུབ་པར་བྱས། མིག་སྔར། རྫོང་ཡོངས་ནས་རྒྱལ་ཁབ་རིམ་པའི་ནགས་ཚལ་གྲོང་གསེས་ལྔ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་གཉིས་གསར་བསྐྲུན་བྱས་ཏེ། སྐྱེ་ཁམས་ཀྱི་མཛེས་པ་དང་མང་ཚོགས་ཀྱི་ཕྱུག་འགྱུར་ཕྱོགས་གཉིས་ནས་རྒྱལ་ཁ་ལེན་པ་མངོན་འགྱུར་བྱས།