ཟླ10པའི་ཚེས8ཉིན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི2025ལོའི“རྒྱལ་སྟོན་ལ་རོལ་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི”མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་སྡུར་རྫོང་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ། ལུས་ལ་བཀྲག་མདངས་འཚེར་བའི་གྱོན་ཆས་གྱོན་ཡོད་པའི་ཟ་ལར་གཞོན་ནུ་མ་དང་། ཞོན་ཧྭ་སྤོ་ལོའི་རུ་ཁག ལྷ་རྩེད་རུ་ཁག སྐོར་བྲོའི་རུ་ཁག བུས་མདོ་བོད་རིགས་ཡུལ་ཚོའི་རོང་འབྲོག་ལོ་ལེགས་བསྡུ་ལེན་རུ་ཁག་བཅས་དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་མདའ་འཕེན་མཐུན་ཚོགས་མང་པོ་ནས་ཡོང་བའི་འཐུས་མིའི་རུ་ཁག་བཅས་མཛད་སྒོར་ཞུགས་ཏེ། ལྟད་མོ་པར་ཞོན་ཧྭ་རྫོང་གི་ཁྱད་ལྡན་ཞིང་ལས་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
ཉེ་བའི་ལོ་འགའི་རིང་། ཞོན་ཧྭ་རྫོང་གི་རྒྱ་རིགས་དང་། ཟ་ལར་རིགས། བོད་རིགས། ཧོས་རིགས་སོགས་མི་རིགས་ཁག་གིས་ཕན་ཚུན་སློབ་སྦྱོང་དང་རོགས་རེས་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་སྒོས་མཛེས་སྡུག་ལྡན་པའི་འཆམ་མཐུན་གྱི་ཁྱིམ་གཞིས་ཞིག་བསྐྲུན་ཡོད། དུས་མཚུངས་སུ། ཞོན་ཧྭ་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་ལག་བཙུགས་ཏེ་སྔ་རྗེས་སུ་ཐོན་ལས་རྟེན་གཞི23བསྐྲུན་ཡོད། སྙེ་མ་ལྡེམ་ལྡེམ་གཡོ་བའི་དགུན་གྲོ་མུའུ་ཁྲི་གཅིག་དང་། ས་ཕྱོགས་གང་སར་སྐད་གྲགས་ཆོད་པའི་སྟར་ག་དང་སུར་པན། འབྲི་གཡག བོད་ལུག་དང་། སན་ཝུན་ཉ་སོགས་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱ་རྒྱུ་དེ་ཞོན་ཧྭ་རྫོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། ཡུལ་དངོས་སུ་དམར་ལྷང་ལྷང་གི་སུར་པན་དང་། དྲི་ཞིམ་འཐུལ་བའི་གཡེར་མ། གསེར་མདོག་གི་མ་རྨོས་ལོ་ཏོག་སོགས་འགྲེམ་སྟོན་བྱས། ཁྱད་ཆོས་ལྡན་པའི་ཞིང་ལས་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་བྱས་ཏེ། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྤྲོ་སྣང་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་ཡོད།
ཐེངས་འདིའི་བྱེད་སྒོ་ལས་སྟོན་དུས་ཀྱི་ཡུལ་ལྗོངས་གཙོ་བོར་བྱས་ཏེ། སྲོལ་རྒྱུན་གྱི་མདའ་འཕེན་གོ་སྐབས་སུ་བཟུང་ནས། ཞིང་ལས་ཐོན་རྫས་འགྲེམས་ཚོང་དང་། གཟུག་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན།