ཟླ9པའི་ཚེས25ཉིན་གྱི་དགོང་མོར། གྲོང་གསེབ་གླུ་སྐད་མཚོ་སྔོན་ཡུལ་ན་སྙན་ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་གྲོང་གསེབ་གླུ་སྐད་སྙན་མོའི་སྤྱིའི་རྟིང་རྩོད་འགྲན་སྡུར་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་བསྡུས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་རུ་ཁག13གར་སྟེགས་གཅིག་ཏུ་འཛོམས་ཤིང་སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་གྲོང་གསེབ་ཀྱི་དར་སྤེལ་དང་གཏམ་རྒྱུད་ལ་རོལ་མྱོང་བསྟོད་གླུ་ཕུལ་བ་རེད།
མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་རིག་གནས་འཕེལ་རྒྱས་འགྲེམས་སྟོན་བཟང་བོ་བྱ་ཆེད། ཟླ4བ་ནས་འགྲན་སྡུར་གྱི་མགོ་བརྩམ་དང་ཐོག་མའི་མིང་ཐོ་འགོད་པ་དང་། འགྲན་ཁུལ་གྱི་བདམ་ཐོན། ཐོག་མའི་འགྲན་སྡུར་སོགས་སུ་འགྲན་ཞུགས་པ400འདུས་ཤིང་། རྨ་ཆུ་དང་ཙོང་ལ་ཁུགས་སོ་ནས་མཚོ་སྔོན་པོའི་འགྲམ་ངོགས། དེ་ནས་རྩྭ་ཐང་དང་གཙང་གསུམ་མགོ་ཁུངས་བརྗོད་དོན་ཡིན་པའི་གླུ་སྐད་ཀྱིས་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་དང་། མ་འོངས་པའི་མཛེས་སྡུག་གི་འཚོ་བར་རེ་སྨོན་བཅངས་ཏེ་མཚོ་སྔོན་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསལ་བོ་མཚོན་པར་བྱས།
སྤྱིའི་རྟིང་རྩོད་ཀྱི་ཡུལ་དངོས་སུ་རྒྱལ་ཁབ་རོལ་དབྱངས་ཆེད་མཁས་པ་དང་མི་རིགས་རོལ་དབྱངས་མཁན། དེ་མིན་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་དཔྱད་བསྡུར་ཚོ་ཆུང་བཅས་ཀྱིས་བརྩམས་ཆོས་ཀྱི་ནང་དོན་དང་ལེན་སྟངས། གར་སྟེགས་ཀྱི་ཉམས་འགྱུར། ས་གནས་ཀྱི་ཁྱད་ཆོས་ལྔ་སོགས་ལ་གཞིགས་ནས་སྐར་མ་བརྒྱབ་ཅིང་། ལྟ་ཞིབ་ཚོ་ཆུང་གིས་བརྒྱུད་རིམ་ཧྲིལ་བོར་དྲང་བདེན་དྲང་གཞག་གིས་ལྟ་ཞིབ་ནན་མོ་བྱས། འགྲན་ཞུགས་རུ་ཁག་སོ་སོས་ཀྱང་རྐྱང་གཞས་དང་མཉམ་ལེན། ཞབས་བྲོའི་རམ་འདེགས་བཅས་ཀྱི་རྩལ་ནུས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་གླུ་སྐད་ཀྱིས་མཚོ་སྔོན་གྱི་གྲོང་གསེབ་གཏན་རྒྱུད་ཀྱི་འཕེལ་རྒྱས་ལ་བསྟོད་གླུ་ཕུལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཆེན་མོ་འདི་རོང་འབྲོག་མང་ཚོགས་ཁོ་ནར་དམིགས་པའི་གར་སྟེགས་ཙམ་མ་ཡིན་པར་རིག་གནས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་མོ་གླུ་རུ་གྱེར་ནས་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ཐད་རིག་གནས་ཀྱི་སྒུལ་ཤུགས་ཆེན་པོ་བསྩལ།