ཟླ9པའི་ཚེས24ཉིན། ཚོང་དོན་པུའུ་ཡི་རྫོང་ཁོངས་ཀྱི་ཚོང་ལས་གསར་གཏོད་འཕེལ་རྒྱས་ཀྱི་བསམ་བློ་བརྗེ་རེས་བྱ་འགུལ་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་དུ་སྤེལ་བ་དང་། ཡུལ་དངོས་སུ《གྲངས་འཛིན་དཔལ་འབྱོར་དུས་རབས་ཀྱི་རྫོང་ཁོངས་ཚོང་ལས་འཕེལ་རྒྱས་སྙན་ཞུ(2025)》ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཚོང་ལས་ཕུལ་བྱུང་རྫོང་གི་དཔེ་མཚོན་ཡོངས་བསྒྲགས་བྱས་པ་དང་། རང་ཞིང་གི་གུང་ཧོ་རྫོང་དང་རྨ་ཆེན་རྫོང་། ཡུལ་ཤུལ་གྲོང་ཁྱེར་བཅས་བདམས་ཐོན་བྱུང་ཞིང་། འདི་ནི2024ལོའི་སྟོང་སྐོར་ས་ཁུལ་གྱི་མིང་ཐོའི་ནང་ཚུད་རྗེས། མཚོ་སྔོན་གྱི་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་གནད་འགག་གལ་ཆེན་ཞིག་ཡིན་པས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་ཚོང་ལས་འཕེལ་རྒྱས་ལ་རྒྱལ་ཡོངས་རིམ་པའི་ཚད་མཐོའི་ཁས་ལེན་ཐོབ་ཡོད།
ཐེངས་འདིའི་མིང་ཐོའི་ཁྲོད་ཚུད་པའི་རྫོང་དང་གྲོང་ཁྱེར་གསུམ་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་རྨང་གཞི་མི་འདྲ་ཡང་ཚང་མར་རང་རང་གི་ཁྱད་ཆོས་མངོན་གསལ་ལྡན་པའི་ཚོང་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་ཚོང་ལས་འཕེལ་རྒྱས་ལ་སློབ་སྦྱོང་བྱས་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཞིང་ཆེན་ཚོང་དོན་ཐིན་གྱིས་ཕུལ་བྱུང་རྫོང་དཔེ་སྟོན་དུ་བཟུང་ནས་ཁེ་ལས་བརྒྱར་རོགས་རམ་དང་ཚོང་ཁང་བརྒྱ་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྤྱད་དེ། རྫོང་ཁོངས་ཀྱི་ཚོང་ལས་དང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་མཉམ་འདྲེས་གཏིང་ཟབ་སྒོས་སྤུས་ལེགས་ཚོང་ལས་ཞབས་ཞུའི་ཁེབས་ཚད་སྔར་ལས་རྒྱ་ཆེར་བཏང་སྟེ་མཐོ་སྒང་གི་རྫོང་ཁོངས་ཚོང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་རོང་འབྲོག་མང་ཚོགས་ལ་ཐོབ་པར་བྱས་ཏེ། མཚོ་སྔོན་གྱི་ཚོང་ལས་སྤུས་རྟགས་སྙན་གྲགས་མུ་མཐུད་དུ་ཇེ་རྒྱས་སུ་བཏང་།