ཁམས་གསོ་ནི་དབང་བོ་སྐྱོན་ཅན་དཀའ་ཁག་ལས་ཐར་བ་དང་སྤྱི་ཚོགས་ནང་ཞུགས་པ། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་འགག་རྩ་ཡིན་ལ། མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁམས་གསོ་ལྟེ་གནས་ཀྱི་ཆེད་ལས་ཁམས་གསོ་ཚོགས་པའི་སྟབས་བདེ་ཞབས་ཞུའི་རྣམ་པས་ས་གནས་ཀྱི་དབང་བོ་སྐྱོན་ཅན་ལ་ལངས་ཐུབ་པ་དང་འགྲོ་ཐུབ་པ། དགོད་ཐུབ་པའི་རེ་བ་བསྩལ་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་དབང་བོ་སྐྱོན་ཅན་ལ་ཁམས་གསོའི་ཞབས་ཞུ་བཟང་བོ་ཞིག་སྒྲུབ་བཞིན་ཡོད།
ཉེ་སྔོན། མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་ཁམས་གསོ་ཞབས་ཞུ་ལྟེ་གནས་སུ་སོང་བ་ན། ཆེད་ལས་ཅན་གྱི་ཞབས་ཞུའི་རྣམ་པ་བཟང་བོ་མངོན་ཡོད་ལ། ཐོས་ནུས་སྦྱོང་བརྡར་ཁང་གི་ནང་དུ་བྱིས་པ་ཚོས་དགེ་རྒན་གྱི་ཁྲིད་སྟོན་དང་བསྟུན་ནས་བློ་རྩེ་གཅིག་སྒྲིམ་གྱིས་སྦྱོང་བརྡར་བྱེད་བཞིན་ཡོད་ལ། ཁོ་ཚོས་ཧུར་ཐག་གིས་གཞོགས་འདེགས་བྱེད་བཞིན་པའི་རྣམ་འགྱུར་ལས་སྒྲའི་འཇིག་རྟེན་ལ་བཅངས་བའི་རེ་སྒུག་མངོན་ཡོད།
རྒྱུས་ལོན་པ་ལྟར་ན། ལྟེ་གནས་འདི2011ལོར་བཙུགས་པ་དང་། ལོ་ངོ་བཅུ་ཕྲག་ཅིག་གི་འཕེལ་རྒྱས་བརྒྱུད་ཚན་ཁག་གི་སྒྲིག་གཞི་འཐུས་ཚང་ཞིག་གྲུབ་ཡོད་ལ། ལོ17མན་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པར་ཁམས་གསོའི་རོགས་སྐྱོར་བྱས་ཡོད་པ་མ་ཟད། ཁྱིམ་ཚང་སློབ་སྟོན་དང་ཤང་གྲོང་གསོ་སྦྱོང་སོགས་ཞབས་ཞུ་འདུས་ཡོད་པས་ཕྱོགས་ཡོངས་ནས་ཁམས་གསོ་བྱ་བར་རོགས་འདེགས་བྱས་ཡོད་ཅིང་། བྱ་བ་འདི་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐུབ་ནི་གསོ་བཅོས་སྨན་པ་རེ་རེའི་དཀའ་སྡུག་དང་ཁ་འབྲལ་ཐབས་མེད།
མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁམས་གསོ་ལྟེ་གནས་ཀྱི་གསོ་བཅོས་སྨན་པ་ལིས་རོན་ཅུའེ་ཡིས་བཤད་རྒྱུར། ཁམས་གསོ་སྨན་པ་ཞིག་ཡིན་པའི་ཆ་ནས། བྱིས་པ་ཚོར་ཆེད་ལས་སྦྱོང་བརྡར་བྱས་ནས་ཉིན་རེ་བཞིན་ཡར་སྐྱེད་ཡོང་སྟེ་སྔ་མོ་ནས་བདེ་ཐང་ཡོང་རྒྱུ་ནི་ངའི་རེ་བ་ཡིན་ཟེར།
བྱིས་པ་ཚོར་རོགས་རམ་བྱས་ནས་ཡར་སྐྱེད་ཡོང་བའི་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ཤིང་། ལྟེ་གནས་ཀྱི་ཁམས་གསོའི་ཞབས་ཞུའི་བྱ་འགུལ་ལ་བརྟེན་ནས། རྐང་དང་ལག རྣ་དང་ངག རིག་སྟོབས་སོགས་ལ་སྐྱོན་ཤོར་བའི་ཚོགས་སྤྱི་མི་འདྲ་བར་ཁ་གཏད་དེ། དཔྱད་དཔོག་དང་འཆར་འགོད། སྦྱོང་བརྡར། རྗེས་སྙེག་བཅས་ཀྱི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་བོ་བཀོད་སྒྲིག་བྱས་ཡོད།
ད་ལོའི་ཚུན་ལ། ལྟེ་གནས་ཀྱིས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་མི230ལྷག་ལ་ཁམས་གསོའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། དེའི་ནང་བྱིས་པའི་ཁམས་གསོ་བྱེད་ཚད92%བསླེབས་པ་དང་། དར་མའི་ཁམས་གསོ་བྱེད་ཚད80%ལས་བརྒལ། དབང་བོ་སྐྱོན་ཅན་ཁ་ཤས་ཀྱི་འགྲོ་འདུག་སྟབས་མི་བདེ་བར་གཞིགས་ནས་ལྟེ་གནས་ཀྱིས་ཁྱིམ་དུ་སོང་ནས་ཁམས་གསོའི་ཞབས་ཞུ་སྒྲུབ་པ་ཞེས་པའི་ལས་སྒྲུབ་རྣམ་པ་གསར་པ་བཏོད་ཏེ། མི་མང་པོ་ཞིག་ལ་ཁྱིམ་ནས་ཆེད་ལས་ཅན་གྱི་གསོ་བཅོས་བྱས་པར་མང་ཚོགས་མི་ཉུང་བ་ཞིག་གིས་དགའ་བསུ་ཐོབ་ཡོད།
རང་ཁྱིམ་དུ་ཆེད་ལས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་ནི་ལྟེ་གནས་ཀྱི་དྲོད་འཁོལ་ལྡན་པའི་བྱེད་ཐབས་ཀྱི་བསྡུས་གཟུགས་ཤིག་ཡིན་པ་དང་། ས་གནས་ཀྱི་མང་ཚོགས་ལ་ཁ་གཏད་ནས་སྐད་གཉིས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། སྐད་དང་ཡི་གེ་ཡི་སྒྲ་གདངས་རེ་རེ་དག་བཅོས་བྱས་ཏེ་བྱིས་པ་རྣམས་ལ་སྐད་ཆ་གསལ་བོར་བཤད་པར་སྦྱོང་བརྡར་བྱེད་དུ་བཅུག
སྨན་བཅོས་འགན་སྲུང་གི་དམིགས་འཛུགས་ལས་ཁུངས་ཀྱི་ངོས་ནས་ལྟེ་གནས་ཀྱིས་འགན་སྲུང་གཉིས་ཀྱི་བྱེད་ཐབས་བཏོན་ཞིང་། ཁམས་གསོའི་བཅོས་རིམ་ཇེ་རིང་དང་སྨན་བཅོས་ཞག་སྡོད་ཀྱི་གྲངས་ཀ་ཚད་བཀག་མེད་པ། ཞབས་ཞུའི་ཚད་གཞི་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ནད་པའི་སྨན་བཅོས་འགྲོ་སོང་སྤྲོད་མི་དགོས་པའི་སྨན་བཅོས་རྣམ་གྲངས་མང་པོ་ལོངས་སུ་སྤྱད་ཆོག་པ་དང་། དེ་མིན་ཞིང་ཆེན་ཡོངས་ཀྱི་ཡན་ལག་བཟོས་མའི་གཞི་རིམ་ཞབས་ཞུ་ས་ཚིགས་གཅིག་པུ་ཡིན་པའི་ཆ་ནས་ལྟེ་གནས་ཀྱིས་ད་དུང་རམ་འདེགས་ཡོ་བྱད་འོས་འཚམ་བདམས་པ་དང་། ཡོ་བསྲང་བྱ་ཆས་ཀྱི་བཟོ་དབྱིབས་ལེན་པ། ཁམས་གསོའི་ཞབས་ཞུ་བཅས་ཁྱིམ་ཚང་དུ་བསྐྱོད་པ་གསུམ་གྱི་བྱ་འགུལ་སྤེལ་ནས། ཆེད་དུ་ཐག་རིང་ལུང་ཁུག་གི་གཞིས་སྲུང་དང་དྭ་ཕྲུག དབང་པོ་སྐྱོན་ཅན་གྱི་བྱིས་པ་བཅས་གྱི་སྒོ་ཁར་སོང་ནས་ཞབས་ཞུ་སྒྲུབ་པ་དང་། ལོ་རེར་ཆ་སྙོམས་སྦྱོང་བརྡར་བྱེད་པར་ཞུགས་པའི་བྱིས་པ་དང་ཁྱིམ་མིར་སྒོར་ཁྲི15ཡས་མས་ཀྱི་འཚོ་བའི་གྲོན་དངུལ་ཇེ་ཉུང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་བཏང་།
མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁམས་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་དོན་འགྲུབ་མཚོ་ཡིས་བཤད་རྒྱུར། ང་ཚོའི་ལྟེ་གནས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པར་ཕྱོགས་ཡོངས་དང་ལས་ཆོད་ཆེ་བ། སྤུས་ལེགས་ཡོད་པ་བཅས་ཀྱི་ཁམས་གསོའི་སྦྱོང་བརྡར་ཞབས་ཞུ་མཁོ་འདོན་བྱེད་པ་དང་། མུ་མཐུད་དུ་བཅོས་ཐབས་འཚོལ་ཞིབ་དང་གསར་གཏོད་བྱས་ནས། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་དང་དེང་རབས་ཁམས་གསོའི་གསོ་རིག་གཉིས་ཟུང་འབྲེལ་བྱས་ཏེ། ཁྱད་ཆོས་ལྡན་པའི་ཁམས་གསོའི་ཞབས་ཞུའི་རྣམ་པས་བྱིས་པའི་ཁམས་གསོར་ཕན་ནུས་ལྡན་པར་བྱས་ཏེ་བྱིས་པ་མང་པོ་སྤྱི་ཚོགས་ཁྲོད་ཞུགས་པར་རོགས་རམ་བྱ་རྒྱུ་ཡིན་ཟེར།
ནད་པ་སྨན་ཁང་དུ་ཡོང་བར་སྒུག་པ་ནས་རང་འགུལ་ངང་ཁྱིམ་དུ་ཞབས་ཞུ་བསྒྲུབ་པར་འགྲོ་བའི་བར། ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་དང་བརྩེ་སེམས་ཀྱི་དྲོད་འཁོལ་གྱིས་དབང་བོ་སྐྱོན་ཅན་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་ཞིང་། ཁམས་གསོ་ལྟེ་གནས་ཀྱིས་ཀྱང་འགན་སྲུང་ཞབས་ཞུ་འདི་མུ་མཐུད་དུ་རྒྱ་བསྐྱེད་ཆེད། ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་ཞབས་ཞུ་ས་ཚིགས་ལ་མཉམ་འབྲེལ་བྱས་ནས། སྔར་ལས་དབང་བོ་སྐྱོན་ཅན་མང་པོ་ཞིག་ལ་རང་ཁྱིམ་ནས་བདེ་ཐང་ཁམས་གསོ་བྱེད་ཐུབ་པའི་གོ་སྐབས་ཐོབ་སྟེ། མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ནས་མི་གཅིག་བདེ་ཐང་ཡོང་ན་ཁྱིམ་གཅིག་བདེ་སྐྱིད་ཡོང་བའི་དམིགས་འབེན་མངོན་འགྱུར་བྱུང་ཡོད།