མཚོ་སྔོན་གྱི་སྡེ་ཚན་གསུམ་གྱིས་དྲིལ་སྒྲོག་རྫུན་མར་གཏན་འགོག་བྱ་དགོས་པའི་མཉམ་འབྲེལ་གྲོས་འགོ་ཁྱབ་སྒྲོག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་གལ་ཆེན་ལེན་ཧུར་ཐག་བྱ་ཆེད། ཟླ9པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་རྩ་འཛུགས་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་བཅས་ཀྱིས་རྒྱ་ཆེའི་གཉེར་སྐྱོང་པ་རྣམས་ལ་གྲོས་འགོ་བཏོན་པ་སྟེ། དྲིལ་སྒྲོག་རྫུན་མ་དང་། རིན་གོང་གཡོ་ལེན། བཙན་ཤེད་འཛད་སྤྱོད་སོགས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་གཏན་འགོག་བྱས་ཏེ་ལྷག་བསམ་རྣམ་དག་ལ་བརྟེན་ནས་མཚན་སྙན་ཐོབ་པ་དང་། མཚན་སྙན་ལ་བརྟེན་ནས་ཕན་འབྲས་འགན་སྲུང་བྱ་དགོས་པའི་གྲོས་འགོ་བཏོན།

གྲོས་འགོས་བསྟན་དོན། རྒྱ་ཆེའི་གཉེར་སྐྱོང་པས་ཡིད་རྟོན་གྱི་འདུ་ཤེས་ནང་སེམས་དང་ཕྱིའི་བྱ་སྤྱོད་དུ་བསྒྱུར་ཏེ།  བྱིས་པ་དང་རྒན་རྒོན་ལ་མགོ་སྐོར་མི་གཏོང་བ་དང་། དངོས་ཟོག་ངོ་མ་དང་རིན་གོང་ལུགས་མཐུན་གྱི་ཁས་ལེན་བརྩི་སྲུང་བྱེད་དགོས། ཐོན་རྫས་ཀྱི་སྤུས་ཚད་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱ་དགོས། ཚོང་ཟོག་ནང་འདྲེན་ལ་ཞིབ་བཤེར་དང་། བརྒྱུད་རིམ་ཚོད་འཛིན། བཟོ་གྲྭ་ནས་ཐོན་པར་ཞིབ་བཤེར། ཁུངས་འདེད་དོ་དམ་སོགས་ཀྱི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་སྟེ། ཚོང་ཟོག་རྫུན་མ་དང་སྤུས་ངན་པ། ཚད་ལྡན་མིན་པ་བཅས་ཀྱི་ཚོང་ཟོག་ཐོན་སྐྱེད་དང་ཕྱིར་འཚོང་ལ་མཐའ་གཅིག་ཏུ་བཀག་འགོག་དང་གཏན་འགོག་བྱ་དགོས། བདེ་འཇགས་ཡིན་ལ་དང་། སྤུས་ལེགས་པ། ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་དང་ཞབས་ཞུ་རིགས་མཁོ་འདོན་བྱས་ནས་འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

འཛད་སྤྱོད་པ་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སྒྱུར། ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱས་ཏེ། སྤྲོ་སེམས་འཁོལ་བའི་ངང་ནས་མགྲོན་པོར་སྣེ་ལེན་དང་། ངང་རྒྱུད་རིང་པོས་ལན་འདེབས་པ། ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན། དུས་ཐོག་དང་ནུས་ཆེའི་འཛད་སྤྱོད་པའི་བློ་འདྲི་དང་རེ་འདུན་ཐག་གཅོད་བཅས་བྱེད་དགོས། འགོག་རྐྱེན་མེད་པའི་ཞབས་ཞུ་དང་། ལྗང་མདོག་ཞབས་ཞུ། རང་གཤིས་ཅན་གྱི་ཞབས་ཞུ་བཅས་ཁྱབ་སྤེལ་ཧུར་ཐག་བྱས་ཏེ། ཞབས་ཞུའི་སྤུས་ཚད་དང་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་གང་ཐུབ་བྱ་དགོས།

རང་མོས་དང་། འདྲ་མཉམ། དྲང་གཞག། གཞུང་དྲང་ཡིད་རྟོན་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། ཆེད་མཁས་པས་ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་། ཚུལ་མཐུན་མིན་པའི་འགྲན་རྩོད་བྱ་སྤྱོད་བཀག་འགོག་བྱ་དགོས། འགྲན་རྩོད་བྱ་ཡུལ་ཕ་རོལ་ལ་དམའ་འབེབས་དང་འཐུང་ཆུང་མི་བྱེད་པ་དང་། བསམ་ངན་གྱིས་ཁྲོམ་ར་བཙན་བཟུང་མི་བྱེད་པ། ཐུན་མོང་ཐོག་སྐྱོན་བྲལ་གོ་རིམ་ལྡན་ཞིང་དྲང་གཞག་ཁ་གསལ་གྱི་ཁྲོམ་རའི་ཁོར་ཡུག་བཅས་སྲུང་སྐྱོང་ལེགས་པོ་བྱས་ནས་ལས་རིགས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་དང་། ཐཱན་ཉུང་བ། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་བཅས་ཀྱི་ཐོན་རྫས་དང་ཞབས་ཞུ་ཁྱབ་གདལ་བཏང་ནས་འཛད་སྤྱོད་པས་ཚན་རིག་དང་མཐུན་པའི་ང་རྗེས་དཔག་གི་འཛད་སྤྱོད་འདུ་ཤེས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་དགོས། ཐུམ་སྒྲིལ་ཚད་ལས་བརྒལ་བ་ཇེ་ཉུང་དུ་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་དར་སྤེལ་བཏང་སྟེ། ཆུད་ཟོས་ལ་ངོ་རྒོལ་བྱས་ནས་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་ཆགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། མ་སྐུལ་རང་རྟོགས་ཀྱིས་ཞབས་ཞུའི་ཁས་ལེན་དང་ཐོན་རྫས་སྤུས་ཚད་ཀྱི་ཆ་འཕྲིན་ཡོངས་སྒྲོག་དང་།  སྤྱི་ཚོགས་ཕྱོགས་ཁག་གི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ། རང་ངོས་ཀྱི་མི་འདང་ས་རྒྱུན་མཐུད་ལེགས་བཅོས་བཅས་བྱས་ཏེ་ཁེ་ལས་ལ་སྤྱི་ཚོགས་ཀྱིས་ཡིད་ཆེས་ཐོབ་་ཤུགས་དང་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་པོ་བསྐྲུན་པར་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།