མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་ཡིས2025ལོའི“རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི”མིང་ཐོ་སྐོར་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས29བདེ་བླག་ངང་དེའི་གྲས་སུ་བདམས་ཐོན་བྱུང་། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཐོན་རྫས་ཁྱོན་བསྡོམས77མིང་ཐོ་དེའི་ནང་བཅུག་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ལ་ཁྱབ་ཡོད་པ་དང་། འདེབས་འཛུགས་ལས་རིགས་དང་། ཕྱུགས་ལས་དང་། ཉ་ལས་སོགས་རིགས་ཆེན་པོ3དང་ཐོན་ལས་རིགས9དང་འབྲེལ་བ་ཡོད།
ཐེངས་འདིར་བདམས་པའི་ཐོན་རྫས་དག་ནི་རྒྱ་མདོ་དང་། མདོ་ལ། མདའ་བཞི། རྐང་ཚ། རྩེ་ཁོག ཁྲི་ཀ པད་མ། དགའ་བདེ་བཅས་རྫོང་བརྒྱད་དུ་ཁྱབ་ཡོད་པ་དང་། ཐོན་རྫས་ཀྱི་རིགས་ལ་ནས་ཀྱིས་ལས་སྣོན་ཐོན་རྫས་དང་། བཟའ་སྣུམ། འོ་མའི་ཐོན་རྫས། ཤའི་ཐོན་རྫས། སྦྲང་ལས་ཐོན་རྫས། ཁྱད་ལྡན་བཏུང་རིགས་སོགས་རིགས་མང་པོ་ཚུད་ཡོད། ལྷག་པར་དུ་ནོར་ནག་དང་བོད་ལུག་ལྟེ་བར་བྱས་པའི་མཐོ་སྒང་གི་ཕྱུགས་ལས་ཐོན་རྫས་དང་། ནས་དང་སྐེ་ཚེ་བཅས་རྒྱུ་ཆ་བྱས་པའི་ལྗང་མདོག་ལས་སྣོན་ཐོན་རྫས། དེ་བཞིན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤེན་ནག་བོད་ཇ་དང་། གྲོ་མ་སོགས་ཀྱི་ཐོན་རྫས་ཀྱི་སྤུས་ཀ་དང་འཚོ་བཅུད་་ཁྱད་དུ་འཕགས་པ་མ་ཟད། ས་ཁོངས་དང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་དམིགས་ཏེ་ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་གཞི་ཚུགས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྣ་ཁ་གསོ་སྐྱོང་དང་། སྤུས་ཚད་ཇེ་མཐོར། ཐོན་སྐྱེད་ཚད་ལྡན་ཅན་དུ་བསྒྱུར་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་ཁས་ལེན་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན། “རྒྱལ་ཡོངས་ཀྱི་མིང་གྲགས་ཅན་གྱི་དམིགས་བསལ་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི”མིང་ཐོ་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་དང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཅས་གཏོང་བ་ལ་དོན་སྙིང་གལ་ཆེན་ལྡན།
སླད་ཕྱིན་མཚོ་སྔོན་ཞིང་ཆེན་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་བ་རྒྱལ་ཁབ་ཀྱི་མིང་ཐོའི་ནང་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། སྤུས་རྟགས་དྲིལ་སྒྲོག་ཁྱབ་སྤེལ་ལ་ཤུགས་སྣོན་དང་། ཁྲོམ་རའི་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད། འཛད་སྤྱོད་ཡིད་ཆེས་ཆེར་བསྐྱེད་བཅས་བརྒྱུད་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་ཐུན་མོང་མ་ཡིན་པའི་ཞིང་ལས་ཐོན་རྫས་སྤུས་ཚད་སྤུས་རྟགས་མ་ལག་བསྐྲུན་པ་དང་། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་འཆར་ཡོད།