མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ཡུལ་ཤུལ་ཁུལ་གྱིས་དམངས་ཚིས་དོན་དངོས་དམིགས་སུ་བཟུང་སྟེ། “མ་དངུལ་དང་རྣམ་གྲངས་བརྩོན་ལེན”གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་། ད་སྔའི་བར་དུ་སྔ་གཞུག་ཏུ་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་གཏོང་འཇོག་གི་ལས་གཞི་ཁག11བརྩོན་ལེན་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.3ལ་བསླེབས། གཙོ་བོ་སློབ་གསོ་དང་སྨན་བཅོས། བུ་བཅོལ། ལུས་རྩལ་ལ་སོགས་གནད་འགག་གི་དམངས་ཚིས་ཁྱབ་ཁོངས་ལ་བཏང་། སློབ་གསོའི་ཁྱབ་ཁོངས་སུ། ཡུལ་ཤུལ་ཁུལ་གྱིས་མ་དངུལ་སྒོར་ཁྲི3227བརྩོན་ལེན་བྱས་ཏེ་སྔོན་འགྲོ་དང་འོས་འགན་སློབ་གསོ་གཉེར་བའི་སློབ་གྲྭའི་བཟོ་སྐྲུན་དགེ་རྒན་རེས་འཁོར་སྡོད་ཁང་ཐད་ཀྱི་ལས་གཞི་ཐད་བཏང་བ་དང་། མ་དངུལ་ཁྲི9150བཏང་བའི་མཐོ་རིམ་སློབ་འབྲིང་བདུན་པ(སློབ་མའི་སྡོད་ཁང་སོགས་འཚོ་བའི་ཞབས་ཞུ་ཉེར་སྤྱོད་ཁང་པ)འཛུགས་སྐྲུན་གྱི་ལས་གཞི་ཐད་བཏང་སྟེ། སློབ་གཉེར་ཆ་རྐྱེན་ལེགས་སྒྱུར་བྱས་ནས་སློབ་གསོ་སྤུས་ལེགས་ལ་དོ་མཉམ་འཕེལ་བར་སྐུལ་འདེད་བཏང་།
སྨན་བཅོས་ཕྱོགས་ནས་མ་དངུལ་ཁྲི3000བཏང་སྟེ་བོད་སྨན་ཁང་གི་ཁྱད་ལྡན་བརྟག་དཔྱད་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་བྱས་ཏེ། ཁྲི་འདུ་རྫོང་བོད་སྨན་ཁང་གི་ཞབས་ཞུ་ཆུ་ཚད་མཐོར་འདེགས་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་ཇེ་ཆེར་ཕྱིན། བུ་བཅོལ་གཉོར་སྐྱོང་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་ཕྱོགས་ནས་ཆུ་དམར་ལེབ་རྫོང་བཀྲ་ཤིས་སྡོད་ཁུལ་དང་། ནང་ཆེན་རྫོང་ས་མ་ན་སྡོད་ཁུལ་ལ་སོགས་གཞུང་སྒྲུབ་བུ་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་ཁུངས་ཁག་ལ་མ་དངུལ་སྒོར་ཁྲི600བཏང་སྟེ། བྱིས་པར་ལྟ་སྐྱོང་གི་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་རྨང་གཞི་ལེགས་པོ་བཏིངས། གཞན་མ་དངུལ་ཁྲི1000ཡུལ་ཤུལ་གྱི་ལྗོངས་ཕྱིའི་འགུལ་སྐྱོད་སྤྱི་གཞུང་ཞབས་ཕྱིའི་སྒྲིག་ཆས་ལ་སོགས་ལུས་རྩལ་ལས་གཞི་ཕྱོགས་ལ་བཏང་། མ་དངུལ་ཁྲི1500འབྲི་སྟོད་རྫོང་སྤྱི་གཞུང་དངོས་སྔྱོང་རྟེན་གཞི་སོགས་དངོས་སྦྱོང་ལས་གཞི་ཐད་བཏང་། མ་དངུལ་ཁྲི225གཞོན་ནུ་ལོ་ཆུང་སྲུང་སྐྱོང་ལ་ཁུངས་དང་པོའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་ཐད་བཏང་སྟེ། མི་འགྱང་བར་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་བསྒྱུར་བ་དང་། རྩལ་ནུས་ལ་བྱང་བའི་འཇོན་མི་སྐྱེད་སྲིང་། གཞོན་ནུ་ལོ་ཆུང་གི་མཚར་ལོངས་ལ་སྲུང་སྐྱོང་སོགས་ཕྱོགས་སོ་སོའི་ཐད་ལ་ནུས་པ་འདོན་ངེས།
ཡུལ་ཤུལ་ཁུལ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་ལས་གཞི་ལག་བསྟར་ལ་རྗེས་འདེད་དང་ལྟ་རྟོག་ནན་མོ་དང་། ནང་སྒོས་མ་དངུལ་བཀོལ་སྤྱོད་ཐད་ལ་ལྟ་སྐུལ་ནན་ཏན་བྱས་ཏེ། ཡུལ་ཤུལ་ཁུལ་གྱི་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཤིང་སྟབས་བདེ་བ། ཕན་ཆེ་བའི་སྤྱི་གཞུང་གི་ཞབས་ཕྱི་འདོན་སྤྲོད་བྱ་ཆེད། ལས་གཞི་སྔ་མོ་མགོ་རྩོམ་པ་དང་། སྔ་མོ་ནས་ཐོན་སྐྱེད། སྔ་མ་ནས་ཕན་འབྲས་ལོན་པར་སྐུལ་འདེད་བཏང་།