མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིང་ནས་་རྒྱུས་ལོན་བྱས་པ་ལྟར་ན། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་རིམ་པ་དབྱེ་ནས་རིགས་དབྱེ་བའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཆེད། ཉེ་ཆར་རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》(གཤམ་གསལ《ལག་བསྟར་ཇུས་གཞི》ཞེས་བསྡུས)པར་འགྲེམས་བྱས།
《ལག་བསྟར་ཇུས་གཞི།》《སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་རིགས་དབྱེ་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྤོ་སྒྱུར་གཏོང་སྤྲོད་གཙོ་བོར་འཛིན་པའི་གཞུང་ཕྱོགས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མ་དངུལ་སྤྱི་ཡོངས་ཀྱི་ཕན་འབྲས་ལྟེ་བར་འཛིན་པའི་ཕྱོགས་བསྡུས་ཁ་གསབ་འཛུགས་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁ་གསབ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་འགག་སྒྲོལ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་ཇེ་མགྱོགས་སུ་གཏོང་བ། འགན་འཁྲི་ལག་བསྟར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་ཡུན་རིང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་རྩ་བར་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱ་རྒྱུ་ལྟེ་བར་འཛིན་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རྣམ་པ་འཐུས་ཚང་དུ་གཏོང་དགོས།
《ལག་བསྟར་ཇུས་གཞིའི》ནང་རྒྱལ་ཁབ་ཀྱིས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གཙང་ཆུ་ཆེན་པོའི་གཙོ་རྒྱུན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་ཆེན་གྱི་ས་མཚམས་ལས་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁ་གསབ་ཁྱབ་ཁོངས་འཚོལ་ཞིབ་དང་རྒྱ་སྐྱེད་ཧུར་ཐག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་དང་ཕན་པ་ཐོབ་པའི་ས་ཁུལ་ཕན་ཚུན་སྤུས་ལེགས་ཡོང་བ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
《ལག་བསྟར་ཇུས་གཞིའི》དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ།སྐྱེ་ཁམས་སྔོན་ལ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ལམ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།སྣ་མང་ཅན་གྱི་མ་དངུལ་གཏོང་རྒྱུའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་།ཁྲལ་བསྡུའི་སྲིད་ཇུས་དོན་འཁྱོལ་བྱས་ནས་སྐུལ་སློང་ནུས་པ་འདོན་སྤེལ་བྱེད་པ།སྲིད་གཞུང་གི་ལྗང་མདོག་ཉོ་སྒྲུབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།ཁྱབ་རྒྱ་སྔར་ལས་ཁྱོན་ཡོངས་དང་།དབང་ཆ་དང་འགན་འཁྲི་སྔར་ལས་གསལ་བ།བྱེད་སྟངས་སྔར་ལས་མང་བ།བཅོས་སྐྱོང་སྔར་ལས་ཕན་ནུས་ཆེ་བའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་ཆགས་པ་བྱས་ཏེ། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་ཏན་ཏིག་བྱ་དགོས།
གཞན་ཡང་《ལག་བསྟར་ཇུས་གཞིའི》ནང་ད་དུང་སྡེ་ཚན་ཁག་གི་སྐྱེ་ཁམས་སྲུང་སྐྱོང་གི་དབང་ཆ་དང་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་པ། འགན་འཁྲིའི་ཞིབ་ཐོ་བཟོས་པ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཡོད། གོམ་སྟབས་རྗེས་མར་ཞིང་ཆེན་ནོར་སྲིད་ཐིང་གིས་རྒྱལ་ཁབ་རིམ་པས་བཙུགས་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་མགྱོགས་སུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་རེད།