【སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན】ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་དཔེ་མཚན་ཅན་ལྔ་ཐེར་འདོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་ཆར།  སྒྲིག་ཁྲིམས་སྔར་ལས་ནན་སྲུང་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྲུང་རགས་སྔར་ལས་ཇེ་བརྟན་དང་།  ཕྱོགས་ཡོངས་ནས་གཟབ་ནན་མཐའ་འཁྱོངས་ཀྱི་ཅོང་བརྡ་ལྷང་ལྷང་བ་ཞིག་རྒྱག་ཆེད། ཉེ་ལམ་ཐག་བཅད་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་དཔེ་མཚོན་ཅན་ལྔ་ཐེར་འདོན་བྱས་པ་གཤམ་གསལ།

   མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡུན་གྱིས་གསོལ་སྟོན་གྱི་མགྲོན་འབོད་དང་ལེན་དང་། རྔན་ལེན་དང་རྫོངས་ལེན་སོགས་ཀྱི་གནད་དོན།

   2011ལོ་ནས2024ལོའི་བར་གྱི་ཟླ་མཆོད་དང་རྒྱལ་སྟོན་སོགས་དུས་ཆེན་གྱི་སྐབས་སུ་ཀྲང་ཅི་ཡུན་གྱིས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་ཧང་ཀྲོའུ་སོགས་ས་གནས་སུ་བཀོད་སྒྲིག་བྱས་པའི་སྟོན་མོའི་མགྲོན་འབོད་ཐེངས་དུ་མར་དང་ལེན་བྱས་པ་དང་།  དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་ཆང་རག་དང་ཇ་སྤུས་ལེགས།  འཕང་འབྲས།  ཉ་རིགས་ལེགས་ཤོས་སོགས་གསུག་རྔན་བླངས།  དོ་དམ་དང་ཞབས་ཕྱི་བྱ་ཡུལ་གྱིས་ཧི་ནན་དང་ཀྲེ་ཅང་སོགས་སུ་ཁྱིམ་མི་ཁྲིད་དེ་ཡུལ་སྐོར་ལ་ཐེངས་དུ་མར་བཀོད་སྒྲིག་བྱས་པ་དང་ལེན་བྱས།   དེ་མ་ཟད་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་ཡང་བསགས་ཡོད་པས། 2025ལོའི་ཟླ8པར།  ཏང་ཁོངས་ནས་དབྱུང་པ་མ་ཟད།  གཏན་འབེབས་ལྟར་ཁེ་ཕོགས་མེད་པར་བཏང་བ་དང་།  ཉེས་བསགས་ཀྱི་འབྲེལ་ཡོད་གནད་དོན་ཞིབ་བཤེར་ལས་ཁོངས་ལ་སྤྲད་དེ་ཁྲིམས་བཞིན་ཞིབ་བཤེར་ཐོག་ཞུ་གཏུག་བྱས།  

   ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་དེ་སྔའི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།  རྫོང་དཔོན་ཤེས་རབ་རྒྱལ་མཚན་གྱིས་གསོལ་སྟོན་མགྲོན་འབོད་དང་། རྫོངས་ལེན་གསུག་ལེན་སོགས་ཀྱི་གནད་དོན།

   2021ལོ་ནས2024ལོའི་བར་དུ། ནང་སྒོས་ཟླ་མཆོད་དང་རྒྱལ་སྟོན་སོགས་དུས་ཆེན་གལ་ཆེན་གྱི་སྐབས་སུ།  ཤེས་རབ་རྒྱལ་མཚན་གྱིས་ཐེངས་དུ་མར་དོ་དམ་དང་ཞབས་ཕྱི་བྱ་ཡུལ་གྱིས་ཟི་ལིང་སོགས་ས་གནས་སུ་བཀོད་སྒྲིག་བྱས་པའི་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་དང་།  ཆང་རག་ལེགས་ཤོས་དང་དབྱར་རྩྭ་དགུན་འབུ་སོགས་གསུག་རྔན་ཐེངས་མང་བླངས།  དེ་མ་ཟད་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་ཡང་ཡོད་པས། 2025ལོའི་ཟླ8པར་ཏང་ཁོངས་ནས་དབྱུང་བ་མ་ཟད།  གཞུང་འགན་བླངས།  ཉེས་བསགས་ཀྱི་འབྲེལ་ཡོད་གནད་དོན་ཞིབ་བཤེར་ལས་ཁུངས་ལ་བསྐྱལ་ནས་ཁྲིམས་བཞིན་ཞིབ་བཤེར་ཞུ་གཏུག་བྱས།

 མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ། རྫོང་བཟོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཆའོ་ཀའོ་ལིན(乔国林)གྱིས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་སྒྲིག་འཛུགས་བྱས་པའི་གནད་དོན།

   2024ལོའི་ཟླ5པར། ཆའོ་ཀའོ་ལིན་དང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཝང་ཀྲེན་ཀའོ་གཉིས་ཀྱིས་ཧྥུ་ཅིན་དུ་སློབ་སྦྱོང་རྟོག་ཞིབ་ཀྱི་གོ་སྐབས་ལ་ཁ་གཡར་ཏེ།  དམངས་གཉེར་ཁེ་ལས་ཀྱི་ཁེ་ལས་པ11སྒྲིག་འཛུགས་བྱས་ནས་ཝུའུ་དབྱི་ཧྲན་དང་། ཡུང་ཏིན་ས་མཁར།  ཀུའུ་ལིང་ཡུས་སོགས་ལྗོངས་ཁུལ་དུ་གཞུང་དངུལ་སྤྱད་དེ་ཡུལ་སྐོར་ལ་བསྐྱོད།   སློབ་སྦྱོང་རྟོག་ཞིབ་ཀྱི་གྲོན་དངུལ་ལས་སྒོར་ཁྲི7.8རྫོང་བཟོ་ཚོགས་མཉམ་འབྲེལ་གྱིས་བཏང་།   2025ལོའི་ཟླ8པར།  ཆའོ་ཀའོ་ལིན་གྱི་ཏང་ནང་གི་ལས་འགན་དང་སྲིད་དོན་གྱི་ལས་འགན་བླངས་ཤིང་།  ཝང་ཀྲེན་ཀའོ་ལ་ཏང་ནང་ནས་ཐ་ཚིག་ནན་མོ་བསྒྲགས་ཤིང་།  སྲིད་དོན་གྱི་བྱས་ཉེས་ཆེན་པོ་བསགས་པའི་ཆད་པ་བཅད།  སྒྲིག་འགལ་གྱིས་ཟས་པའི་གཞུང་དངུལ་རྣམས་ཕྱིར་བསྡུས།

 རྨ་ལྷོ་ཁུལ་གཅན་ཚའི་ཞིང་ཚོང་དངུལ་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི།  ཏུང་ཧྲི་ཀྲང་ཧན་ཀའོ་ཀྲི་ཡིས་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན།

   2021ལོ་ནས2024ལོའི་བར་དུ།  ཧན་ཀའོ་ཀྲི་ཡིས་གཞུང་འཁོར་སྒེར་སྤྱོད་ཐེངས30ལྷག་ལ་བྱས་ཏེ།   གཅན་ཚ་ནས་ཕ་ཡུལ་ཡ་རྫི་བར་འགྲོ་འོང་བྱས།  དེའི་ནང་ཟླ་མཆོད་དང་རྒྱལ་སྟོན་སོགས་དུས་ཆེན་གྱི་རིང་ལ་གཞུང་འཁོར་སྒེར་སྤྱོད་ཐེངས་མང་བྱས། 2025ལོའི་ཟླ7པར།  ཧན་ཀའོ་ཀྲི་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་བཅད།

 མགོ་ལོག་ཁུལ་རྟ་བོ་ཡུལ་ཚོའི་གཉན་རྭ་སྡེ་བའི“ཨུ་ལྷན་གཉིས”ཀྱིས་གཞུང་དངུལ་གྱིས་འཁོར་སྣུམ་བྱང་བུ་ཉོས་པའི་སྒྲིག་འགལ་གནད་དོན།

 2022ལོ་ནས2024ལོའི་བར་གྱི་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་རིང་ལ།  སྡེ་བ་དེའི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་རྒྱལ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རིག་བྷོ་སོགས་སྡེ་པའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི7གྱིས་སྡེ་དམངས་ཚོགས་འདུའམ་སྡེ་མིའི་འཐུས་མིའི་ཚོགས་འདུ་བསྡུས་ཏེ་ཞིབ་འཇུག་མ་བྱས་ཤིང་།  མ་དངུལ་བཀོལ་སྤྱོད་ཀྱི་གནས་ཚུལ་སྤྱི་བསྒྲགས་མ་བྱས་པའི་གནས་ཚུལ་འོག   སྒེར་འཁོར་གཞུང་སྤྱོད་ཀྱི་མིང་ཐོག་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། སྡེ་བའི་ཨུ་ལྷན་གྱི་རྩིས་པ་བཅས་མི་རེར་ལོ་རེར་སྒོར3000གི་སྣུམ་བྱང་རེ་སྤྲད་ཅིང་།  སྔ་རྗེས་སུ་གཞུང་དངུལ་སྒོར་ཁྲི7.2བཀོལ་སྤྱོད་བྱས། 2025ལོའི་ཟླ5པར་དོན་འགྲུབ་རྒྱལ་ལ་ཏང་ནང་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད།  གཞན་པ་རྣམས་ལ་བབ་བསྟུན་གྱི་ཆད་པ་བཅད་པ་དང་།  སྒྲིག་འགལ་གྱིས་ཟས་པའི་གཞུང་དངུལ་ཕྱིར་བསྡུས།

   གོང་གི་གྱོད་དཔེ་ལས་ལ་ལས་སྒྲིག་འགལ་གྱིས་ཟ་འཐུང་དང་གསུག་རྔན་བླངས་ཏེ། མིའི་འབྲེལ་བའི་ཁྲོད་ནས་སྒྲིག་ཁྲིམས་ཀྱི་དམར་ཐིག་ལ་ཐོགས། ལ་ལས་གཞུང་དངུལ་གྱིས་ཡུལ་སྐོར་དང་། གཞུང་ལས་ཀྱི་མིང་ཐོག་ནས་གཞུང་དངུལ་གང་འདོདོད་དུ་སྤྱད་པ།   ལ་ལས་གཞུང་འཁོར་སྒེར་སྤྱོད་བྱས་ཏེ་དབང་ཆ་དམིགས་བསལ་ཀྱི་བསམ་བློ་ཧ་ཅང་ཚབས་ཆེ་ཞིང་།  སྒྲིག་ཁྲིམས་སྒྲིག་སྲོལ་སྣང་མེད་དུ་བསྐྱུར་པ་ལ་སོགས་གནད་དོན་དུ་མ་ཞིག་ཐེར་འདོན་བྱས་ཡོད།   བྱ་སྤྱོད་དེ་དག་གིས་ཀྲུང་དབྱང་གི་གཏན་འབེས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་ཚབས་ཆེན་འགལ་ཡོད་ཅིང་། དེ་ནི་ཟླ་མཆོད་དང་རྒྱལ་སྟོན་ལ་སོགས་དུས་ཆེན་གྱི་རིང་དུ་འབྱུང་སྐྱེན་པའི“རྒྱུན་ལྡན་གྱི་ནད”དང་“མང་བྱུང་གི་ནད”རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས་གྱོད་དཔེ་འདི་དག་མེ་ལོང་དུ་བརྩིས་ཏེ།  ཉེན་བརྡ་ཉེན་ཟོན་རྒྱག་པ་དང་།   རང་ཉིད་ཀྱི་བསམ་སྤྱོད་ལ་དུས་དང་རྣམ་པ་ཀུན་ཏུ་བརྟག་ཅིང་སྒྲིག་ཁྲིམས་སྒྲིག་སྲོལ་གྱི་དམ་རྒྱ་མ་ལྷོད་པ་བྱས་ནས་ལས་འགན་ལ་བརྩི་འཇོག་དང་།  ཉེན་ཁར་དོགས་ཟོན།  མ་མཐའི་ཚད་ཐིག་དམ་སྲུང་བྱ་དགོས།   རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ཁུར་དུ་བླངས་ཏེ།   རྣམ་ཀུན་རང་ཚུགས་ཐུབ་ཅིང་ལྷོད་གཡེང་མེད་པ།  ཡ་ཡོག་མེད་པའི་བྱ་སྤྱོད་རྒྱུན་འཁྱོངས་ཐོག གཞུང་དངུལ་གྱིས་ཟ་འཐུང་དང་།  རྔན་ལེན་ལ་སོགས་དུས་ཆེན་སྐབས་སུ་བྱུང་མང་བའི་གནད་དོན་ལ་དམིགས་ནས་ནུས་ཤུགས་གནད་ལ་འཁེལ་བ་བཏོན་ནས་དམ་འཛིན་བྱ་དགོས།  རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་དུས་ཆེན་གྱི་ཁྱད་ཆོས་ལ་སྟངས་འཛིན་ལེགས་པོ་བྱས་ཏེ། དུས་ཆེན་སྐབས་ཀྱི་གསོལ་སྟོན་མགྲོན་འབོད་དང་།  ཟླ་གོར་གོང་ཆེན།  གསོལ་བྱང་ལ་སོགས་རྒྱབ་ལོགས་སུ་ཡོད་པའི“བྱ་སྤྱོད་བཞིའི”གནད་དོན་ལ་ལྟ་རྟོག་ནན་མོ་བྱེད་དགོས་པ་དང་།   གནད་འགག་གི་མི་སྣ་ཉུང་ངུ་དང་ཡུལ་དུས་གལ་ཆེན་ལ་དམིགས་ཏེ།  ལྟ་སྐུལ་ཞིབ་བཤེར་དང་མངོན་བཤེར་ལྐོག་འདྲི་ལ་ཤུགས་བསྣན་ཐོག་སྒྲིག་འགལ་གྱི་བྱ་སྤྱོད་ངན་པ་རིགས་ཐག་གཅོད་ནན་མོ་བྱས་ནས་དུས་ཆེན་རིང་ལ་སྤྱོད་གཙང་སྲོང་སྐྱོང་དང་དགའ་བདེ་སྤྲོ་སྐྱིད་ཡོང་བར་འགན་ལེན་བྱ་དགོས།


ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།