ཟླ9པའི་ཚེས8ཉིན་ནས་ཚེས12ཉིན་བར་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་མཉམ་འབྲེལ་སྒོས་ཞང་ཀང་དུ་སོང་ནས། 2025ལོའི“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་འགྲེམས་སྟོན་ནང་ཞུགས་པར་མ་ཟད། རྨ་ལྷོ་ཁུལ་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་ངོ་སྤྲོད་ཚོགས་འདུ་བསྡུས།
ངོ་སྤྲོད་ཚོགས་འདུས“མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་ཟབ་སྤེལ་གཏོང་བ་དང་སྒོ་འབྱེད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ”བརྗོད་དོན་དུ་བཟུང་ནས། ཞིང་ཆེན་དང་ཁུལ་རིམ་པའི་ཁེ་ལས་ཁྱོན་བསྡོམས28འགྲེམས་ཚོགས་སུ་ཞུགས་པ་དང་། ཐང་ཀ་དང་འཚེམ་དྲུབས། བོད་སྤོས། ནས་ནག་གི་ཀ་ར་གོ་རེ། སྐམས་ཤ་དང་ལུག་ཤའི་ཐོན་རྫས། མི་རིགས་ཀྱི་ལག་རྩལ་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་རིགས་བརྒྱ་ལྷག་འགྲེམས་སྟོན་བྱས།
རྨ་ལྷོ་ཁུལ་གྱིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ཉོ་ཚོང་ཞབས་ཞུ་དང་ཕྱི་ཕྱོགས་དངུལ་གཏོང་། དེང་རབས་དངུལ་རྩ། རྒྱལ་སྤྱིའི་ཟོག་འགྲེམས་སོགས་ཐད་ཀྱི་ཞང་ཀང་གི་དགེ་མཚན་ལྡན་པའི་ཐོན་ལས་མགྱོགས་མྱུར་ངང་སྦྲེལ་མཐུད་བྱས་ཏེ། རེབ་གོང་སྒྱུ་རྩལ་དང་རིག་གནས་ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སོགས་ཁྱད་ལྡན་ཐོན་ལས་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ནས། ཞང་ཀང་གི་སྤུས་ལེགས་ཁེ་ལས་ཀྱིས་རྨ་ལྷོ་ཁུལ་ལ་དངུལ་གཏོང་བྱེད་དུ་ཡོང་བར་འགུགས་ཤུགས་བསྩལ།