མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལ་རྒྱུས་ལོན་བྱེད་ཚད་དང་དེའི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏང་བ་དང་། གྲོང་མི་སྔར་ལས་མང་པོས་རིན་མེད་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལ་རྒྱུས་ལོན་ཐོག་ལོངས་སྤྱོད་ཐུབ་ཆེད། ཟླ9པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་དང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་སྒྲུབ་འགན་འཁུར་པའི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཝང་ཧྥུའུ་མེ་ཏོག་ར་བའི་ཐང་ཆེན་ནས་སྤེལ་འགོ་ཚུགས།
ཐེངས་འདིའི་བྱེད་སྒོ་དེ“ཕྱིར་དྲན་དང་། རྒྱུན་འཛིན། རྒྱང་ལྟ་སྟེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁྲོད་དུ ངས་ཁྱེད་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ”ཞེས་པའི་བརྗོད་བྱ་གཙོ་བཟུང་ནས་སྤེལ་བ་དང་། བྱེད་སྒོའི་སྟེང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས7། ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ50ལྷག་དང་གྲོང་མི300ཞུགས། བྱེད་སྒོ་སྤེལ་སར་སྨན་བཅོས་མི་སྣས་བློ་འདྲི་སྟེགས་བུ་བཙུགས་པ་དང་། དྲིལ་སྒྲོག་འགྲེམས་སྟོན་པང་ལེབ་བཞག་པ། དྲིལ་སྒྲོག་དཔྱད་གཞི་འགྲེམས་སྤེལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་མིར་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ནང་དོན་དང་། ཞབས་ཞུ་བྱ་ཡུལ། ཞབས་ཞུ་བྱེད་སྟངས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ནས་གྲོང་མི་མང་པོ་ཞིག་བསྡད་ནས་རྒྱུས་ལོན་བྱེད་པའི་ཡིད་དབང་བཀུགས། གཞན་ཡང་སྡེ་ཚན་ཁག་གིས་ཆེད་མཁས་པའི་འོས་འགན་སྨན་བཅོས་དང་། ཀྲུང་(བོད་)ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་ཞབས་ཞུ། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཐོན་རྫས་འགྲེམས་སྟོན། བདེ་ཐང་ལུས་པོའི་ལྗིད་ཚད་དོ་དམ་སྐོར་གྱི་ཆེད་དོན་བྱ་སྤྱོད། བདེ་ཐང་ཚད་ལེན་བྱ་སྤྱོད། ཁྱིམ་ཚང་གི་བདེ་ཐང་དོ་དམ་པའི་གསོ་སྦྱོང་འཆར་གཞི། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་བྱ་སྤྱོད་བཅས་སྤེལ་ནས་གྲོང་མི་སྔར་ལས་མང་པོས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་སྔར་ལས་རྒྱུས་ལོན་བྱས་པ་དང་། གྲོང་མིའི་བདེ་ཐང་བྱང་ཚད་ཆེ་རུ་ཕྱིན་ནས་གྲོང་མི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་ཧུར་ཐག་ཞུགས་པར་ཁོར་ཡུག་བཟང་པོ་བསྐྲུན། ཐེངས་འདིའི་བྱེད་སྒོའི་ནང་ད་དུང་མངགས་བསྐྱལ་རྟ་པ100ལ་རིན་མེད་ཀྱི་བྱམས་སེམས་བདེ་ཐང་བརྟག་དཔྱད་བྱང་བུ་སྤྲད།
2009ལོར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་མཚོ་སྔོན་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་སྒོར15ནས་སྒོར་99བར་ཇེ་མཐོར་བཏང་བ་དང་ལོ་རེའི་ཁ་གསབ་མ་དངུལ་སྒོར་ཁྲི8000ནས་སྒོར་ཁྲི58806བར་ཇེ་མཐོར་བཏང་། ཞབས་ཞུའི་རྣམ་གྲངས་རིགས9ནས་རིགས28བར་རྒྱ་སྐྱེད་བཏང་སྟེ། འགོག་ཁབ་རྒྱག་པ་ནས་བུད་མེད་དང་བྱིས་པའི་བདེ་སྲུང་བར་དང་། གཅོང་ནད་དོ་དམ་ནས་རྒན་རྒོན་གྱི་བདེ་ཐང་ལུས་ཕུང་བརྟག་དཔྱད། བདེ་ཐང་སློབ་གསོ་ནས་འགོས་ནད་སྔོན་འགོག་ཚོད་འཛིན་བར་སོགས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཡོངས་སུ་ཁྱབ། ཞབས་ཞུའི་སྤུས་ཚད་རིམ་བཞིན་ཇེ་མཐོར་སོང་སྟེ། 2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་སྡོད་དམངས་ཀྱི་གློག་རྡུལ་བདེ་ཐང་ཡིག་ཚགས་ཁྲི568.53བཙུགས་པ་དང་། ཁྲག་ཤེད་མཐོ་བའི་ནད་པ་ཁྲི32.44དང་། གཅིན་སྙི་ཟ་ཁུའི་ནད་པ་ཁྲི་9.44། རྒན་རྒོན་ཁྲི45.52། ལོ0ནས6བར་གྱི་བྱིས་པ་ཁྲི33.27། སྦྲུམ་མ་ཁྲི4.98བཅས་ལ་དོ་དམ་བྱས། བདེ་ཐང་དམིགས་ཚད་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བར་གྱི་བར་ཐག་སྔར་བས་ཇེ་ཆུང་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་དེ2014ལོའི་བརྒྱ་ཆ4.39ནས་བརྒྱ་ཆ25.48བར་ཇེ་མཐོར་ཕྱིན་པ་དང་། 2014ལོ་ལས་བརྒྱ་ཆའི་གྲངས21.09འཕར་ཡོད། ཞིང་ཆེན་ཡོངས་ཀྱི་མི་རེའི་རེ་བའི་ཚེ་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་པ་དང་གྲོང་མིའི་བདེ་ཐང་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན།