མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱིས་སྒོ་འབྱེད་མཛད་སྒོ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9བའི་ཚེས1ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱི་སྒོ་འབྱེད་མཛད་སྒོ་རྨ་ཆེན་རྫོང་དུ་བསྡུས།  དེས་མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་དངོས་སུ་སྤྱོད་འགོ་བརྩམས་པ་མཚོན་ཡོད།

ཧྲང་ཧེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གྱི་རྒྱབ་སྐྱོར་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་རོགས་རམ་འོག  མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱི་ལས་གཞི་གཙོ་བོ་ད་ལོའི་ཟླ་བརྒྱད་པར་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་།  འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་ལྔ་བརྒྱ་དང་རེ་བདུན་ཡོད་ལ།  ནང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་།  སྐྱེ་ཁམས་མྱོང་རོལ།  ཁྲིམས་སྐྱོང་དང་ཚན་རིག་ཁྱབ་གདལ།  རོལ་དབྱངས་དང་ཞབས་བྲོ།  ཡིག་གཟུགས་དང་རི་མོ།  དཔེ་དེབ་ལྟ་ཀློག་སོགས་ཀྱི་བྱེད་ནུས་ཁུལ་ཇུས་འགོད་བྱས་ཡོད།  ལྟེ་བའི་སྒྲིག་གཞི་ལ་རང་སྦྱོང་ཁང་དང་།  སྨན་བཅོས་ཁང་སོགས་ཞབས་ཞུའི་བར་སྟོང་ཡོད་པར་མ་ཟད།  ཆེད་ལས་ཀྱི་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་སློབ་ཁྲིད་བྱེད་མཁན་དང་ཕུལ་བྱུང་དགེ་རྒན་གྱི་དཔུང་སྡེ་བཀོད་སྒྲིག་བྱས་ཡོད།  མིག་སྔར།  ན་གཞོན300ལྷག་གིས་ཐོ་འགོད་བྱས་ཏེ་སློབ་ཁྲིད་རིགས་སོ་སོར་སློབ་སྦྱོང་བྱེད་བཞིན་ཡོད།

མཛད་སྒོའི་སྟེང་།  གདན་ཞུའི་སྐུ་མགྲོན་དང་ཀྲུང་གོའི་རྐང་གྲུག་ལས་རྩལ་པ་ཧྥན་ཀྲི་ཡུས་ཀྱིས་མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་སུ་རྐང་གྲུག་དང་སློབ་ཁྲིད་ཡོ་བྱེད་ཞལ་འདེབས་སུ་ཕུལ།  ཧྲང་ཧེ་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོ་ཆུང་ཁག་དྲུག་པའི་ཧུར་ཐག་གི་རོགས་རམ་འོག  ཧྲང་ཧེ་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ཐོན་ཨུ་དང་མཉམ་ལས་བགྲོ་གླེང་གཞུང་ལས་ཁང་།  བྱམས་བརྩེའི་ཁེ་ལས་བཅས་ཀྱིས་མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་སུ་སློབ་ཕྱིའི་དཔེ་དེབ་ཁྲི་གཅིག་དང་།  གཞུང་ལས་རྩིས་འཁོར་བཅུ་ཞལ་འདེབས་སུ་ཕུལ་ཏེ།  མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་ན་གཞོན་རྣམས་ལ་ཞབས་ཞུ་སྒྲུབ་པར་རམ་འདེགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ནི་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་མགོ་ལོག་ཏུ་དོན་འཁྱོལ་བྱས་པའི་གྲུབ་འབྲས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ།  མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“མི་རྩ་བར་འཛིན་པ་དང་།  སློབ་གསོ་སྔོན་དུ་འཇོག་པའི”འཕེལ་རྒྱས་འདུ་ཤེས་ཀྱི་དམངས་ཚིས་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན།  དེས་མགོ་ལོག་ཁུལ་ན་ཆུང་གཞོན་ནུའི་སློབ་ཕྱིའི་སློབ་གསོའི་གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་འདུ་གནས་ཀྱི་མི་འདང་ས་ཁ་སྐོང་བྱས་ཡོད་ལ།  སློབ་གསོ་དྲང་བདེན་ཡོང་བ་དང་དམངས་ཚིས་དོ་ཁུར་ལ་གཞི་རྟན་བརྟན་པོ་འདོན་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།