ཕྱུགས་ཟོག་གསོ་སྤེལ་ཁྱིམ་ཚང་གི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་པ་དང་། ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་མངོན་འགྱུར་བྱ་ཆེད། ཟླ8པའི་ཚེས6ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས《2025ལོའི་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་བརླིང་གི་ཁ་གསབ་ཇུས་གཞི》བཏོན་པ་དང་། ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་བརླིང་གི་བྱ་དགའི་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གཉིས་ཁྲི་གཉིས་བཀོད་སྒྲིག་བྱས།
《ཇུས་གཞི》ལས2025ལོར་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་མཚོ་བྱང་ཁུལ་གྱི་ཕྱུགས་ཟོག་གསོ་ཁ་ནས་འབུད་པའི་དམིགས་འབེན་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་ལྷག་ཡིན་པ་དང་། དེའི་ཁྲོད་ནོར་འབུམ་གཉིས་དང་ཁྲི་ལྔ་སྟོང་གཉིས་དང་ལུག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་ཡིན་ལ། ཕག་སྟོང་དྲུག་དང་ང་བརྒྱད་ཡིན། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཉིས་ཁྲི་གཅིག་དང་ཁུལ་རིམ་པའི་མ་དངུལ་སྒོར་ས་ཡ་གཉིས་ཡིན་ལ། ཁ་གསབ་མ་དངུལ་ལྷག་མ་ནི་རྫོང་སོ་སོས་ཀྲུང་དབྱང་གི་ནོར་ལུག་གཅིག་གྱུར་གྱིས་རྫོང་ཆེན་པོའི་བྱ་དགའི་མ་དངུལ་ལྟར་གཏོང་རྒྱུ་དང་། ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་བྱ་དགའི་མ་རྩ། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་གཞན་དག་དང་དེ་མིན་རྫོང་རིམ་པའི་ཆ་ཚང་སྒྲིག་ཆས་ཐག་གཅོད་བྱེད་དགོས་པར་མ་ཟད། ཁ་གསབ་མ་དངུལ་ལྷག་མ་ཞིང་ཆེན་དང་ཁུལ་གྱི་མ་དངུལ་བཀོད་སྒྲིག་གི་བསྡོམས་འབོར་ལས་དམའ་མི་ཆོག ཁ་གསབ་བྱ་ཡུལ་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ནོར་དང་ལུག ཕག་གསོ་སྤེལ་བྱེད་པའི་གསོ་སྤེལ་ར་བ་སོ་སོ་དང་། མཉམ་ལས་ཁང་ཡིན་དགོས་ལ། ཁ་གསབ་ཀྱི་ཚད་གཞི་ནི་ལུག་རེར་སྒོར་བཅུ་དང་ནོར་རེར་སྒོར་བཞི་བཅུ། ཕག་རེར་སྒོར་སུམ་ཅུ་བཅས་ཡིན། ཁ་གསབ་ལོངས་སུ་སྤྱོད་པའི་ཕག་དང་ནོར། ལུག་བཅས་ངེས་པར་དུ་བཤས་ནས་གསོ་ཁ་ནས་ཕྱིར་འབུད་དུ་འཇུག་དགོས་པ་དང་། དེའི་ཁྲོད་ནོར་གནག་གསོ་སྤེལ་གྱི་དུས་ཡུན་ཟླ་བརྒྱད་ལས་བརྒལ་དགོས་ལ། ལུག་གསོ་སྤེལ་གྱི་དུས་ཡུན་ཟླ་ལྔ་དང་ཕྱེད་ཀ་བརྒལ་དགོས་པ་དང་། ཕག་གསོ་སྤེལ་གྱི་དུས་ཡུན་ཟླ་དྲུག་ལས་བརྒལ་དགོས། གསོ་སྤེལ་ཁྱིམ་ཚང་རེའི་ལོངས་སུ་སྤྱོད་པའི་ཁ་གསབ་མ་དངུལ་སྒོར་སྟོང་ལྔ་ལས་བརྒལ་མི་རུང་ལ། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བའི་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་ལས་བརྒལ་མི་རུང་བ་གསལ་བོར་བསྟན་ཡོད།
དུས་ཚིགས་བཞི་བོར་གསོ་ཁ་ནས་འབུད་ཚད་ཆ་སྙོམས་ཡིན་པ་མངོན་འགྱུར་བྱ་ཆེད། ཟླ་དང་པོ་ནས་བདུན་པའི་བར་གསོ་ཁ་ནས་འབུད་པའི་ཕྱུགས་ཟོག་གི་ཁ་གསབ་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་བཏང་ཆོག་པར་མ་ཟད། ཁུལ་དང་རྫོང་གི་ཕྱུགས་ཟོག་བཤའ་བའི་ཁེ་ལས་ལ་འོས་འཚམ་གྱི་བྱ་དགའ་བྱིན་ཆོག དབུལ་ཐར་ལྟ་ཞིབ་ཚད་ལེན་གྱི་ཁྱིམ་ཚང་གི་གསོ་ཁ་ནས་འབུད་པའི་ཁ་གསབ་ཐད་གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་མ་དངུལ་སྔོན་ལ་བེད་སྤྱོད་བྱས་ཆོག་པ་དང་། འོས་འཚམ་གྱིས་ཚད་གཞི་ཇེ་མཐོར་བཏང་ནས་བར་ཁྱད་ཁ་གསབ་བྱས་ཆོག ཁ་གསབ་མ་དངུལ་ཁྱིམ་ཚང་གིས་རེ་ཞུ་དང་སྡེ་བས་རེ་ཞུ། ཡུལ་ཚོས་ཞིབ་བཤེར། རྫོང་གིས་ཞིབ་བཤེར་གྱི་གོ་རིམ་ལྟར། ནོར་སྲིད་ཀྱིས་གཏན་འཁེལ་བྱས་པའི་རྣམ་པ་ལྟར་ཐད་ཀར་གསོ་སྤེལ་ར་བ་དང་ཁྱིམ་ཚང་ལ་བྱིན་ཆོག
རྒྱུས་ལོན་པ་ལྟར་ན། 2024ལོའི་མཚོ་བྱང་ཁུལ་གྱིས་ཐོག་དང་པོར་ནོར་ལུག་གསོ་ཁ་ནས་འབུད་པའི་བྱ་དགའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། སྲིད་ཇུས་ལག་བསྟར་དང་རོང་འབྲོག་པའི་ཕྱུགས་ཟོག་འོས་འཚམ་གྱིས་གསོ་ཁ་ནས་འབུད་པར་སྐུལ་ལྕག་བྱས་ཏེ། ལོ་ཧྲིལ་པོར་གསོ་ཁ་ནས་འབུད་པའི་ནོར་ལུག་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཅིག་སྟོང་བརྒྱད་དྲུག་བརྒྱ་ལྷག་ལ་སླེབས་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཚད100.72%ལ་སླེབས་ཡོད། གསོ་སྤེལ་ར་བ་དང་ཁུལ་ནང་ཁུལ་གྱི་ཁེ་ལས་ནས་བཤས་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དྲུག་ཁྲི་དགུ་དང་སྟོང་བརྒྱད་ལ་སླེབས་ཡོད་པ་དང་། ཞིང་ཕྱུགས་ལས་ཐོན་འཕར་དང་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། གྲོང་གསེབ་ཀྱི་ལས་བྱེད་པ་དང་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་བྱེད་ཀྱིན་ཡོད།