ཟླ8པའི་ཚེས7ཉིན། ནང་ཆེན་རྫོང་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ། རྫོང་འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་རྡོ་རྗེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་དྲང་བདེན་གྱི་འཕྲིན་བཅར་དང་། འགན་ལེན་འཕྲིན་བཅར། ཁྲིམས་སྐྱོང་འཕྲིན་བཅར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ལྟར་ཐག་གཅོད་ཐུབ་པར་འབད་འབུངས་བྱས་པ་ཡིན་ལ། ལྷག་པར་ཁྱབ་ཁོངས་གཙོ་བོའི་འཕྲིན་བཅར་གྱོད་གཞི་མང་པོ་སེལ་རོགས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་ཟེར།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ནང་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲིན་བཅར་གྱོད་གཞི་མང་པོ་སེལ་རོགས་བྱེད་རྒྱུ་དེ་དམངས་ཚིས་ལ་འགན་སྲུང་དང་། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་གནད་འགག་གི་ལས་འགན་ཞིག་ཏུ་བརྩིས་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་སེལ་རོགས་བྱས།
ནང་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་གྱོད་གཞི་འགན་ལེན་མགོ་ཁྲིད་ཀྱི་མཛུབ་སྟོན་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། འཕྲིན་བཅར་གྱོད་གཞི་བསྒྲུབ་པའི་ལས་དོན་དེ་སློབ་བཤེར་བསྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་སློབ་སྦྱོང་སློབ་གསོའི་གཙོ་གནད་དུ་བཞག་སྟེ། ལོ་ཧྲིལ་བོའི་ལས་གཞི་གཙོ་བོ་སྐུལ་སྒྲུབ་ཀྱི་གསལ་ཁྲའི་ཁྲོད་བཞག་ཡོད། གཞན་ཡང་རྫོང་རིམ་པའི་མགོ་ཁྲིད་ཀྱི་འགན་སྒྲུབ་སེལ་རོགས་ཀྱི་རྐྱེན་སྲོལ་བཙུགས་ཏེ། རྫོང་སྲིད་གཞུང་གི་ཁག་བགོས་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་བྱ་བའི་ཆེད་ཚན་བཙུགས་ནས། གསལ་ཁྲ་ཅན་གྱི་དོ་དམ་དང་གོ་རིམ་ཅན་གྱི་སྐུལ་སྤེལ་རྣམ་པ་བེད་སྤྱོད་བྱས་ནས། འཕྲིན་བཅར་གྱོད་གཞི་མང་པོ་སེལ་རོགས་བྱས་ཏེ་དམངས་ལ་དོན་དངོས་བསྒྲུབ་པར་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན། ནང་ཆེན་རྫོང་གིས་གཅིག་སྡུད་སྒོས་འཕྲིན་བཅར་ལས་གཞི་གཙོ་བོ29ཐག་གཅོད་བྱས་པ་དང་། དེའི་ཁྲོད་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་གྱོད་གཞི9འགན་སྒྲུབ་བྱས་ཤིང་། དེ་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་གསུམ་འབུམ་གཉིས་སྟོང་གསུམ་གྱ་གཉིས་དང་འབྲེལ་བ་ཡོད། རྙོག་འཛིང་གི་གནས་ཚུལ་དང་འཕྲད་སྐབས། བྱ་བའི་ཆེད་ཚན་གྱིས་མྱུར་དུ་དང་ལེན་བྱས་ཏེ། གྱོད་གཞི་གཅིག་ལ་སྲིད་ཇུས་གཅིག་གི་བྱེད་ཐབས་གསལ་འགྲེལ་ཞིབ་ཚགས་བྱེད་པ་དང་། སྡེ་ཁག་མང་པོའི་མཉམ་འབྲེལ་དང་མཐུན་སྦྱོར་བྱེད་པའི་ཐབས་ལམ་བསྡུ་ལེན་བྱས། རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཚོང་དོན་ཐིན་དང་སྦྲེལ་མཐུད་བྱས་ཏེ། ཞིང་ཆེན་རིམ་པའི་ཆེད་སྤྱོད་དངུལ་འཛིན་གྱི་འཆར་གཞིའི་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་འབུམ་ལྔ་ཁྲི་གཉིས་དང་སྟོང་དགུ་བདུན་བརྒྱ་བརྩོན་ལེན་བྱས། མིག་སྔའི་བར་དུ། གྱོད་གཞི11བདེ་བླག་ངང་སེལ་ཐུབ་བྱས་ཤིང་། གྱོད་གཞི18མཐུན་སྦྱོར་བྱེད་བཞིན་པའི་སྒང་རེད།