ཟླ8པའི་ཚེས8ཉིན་གྱི་དགོང་མོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྨྱན་བྱད་ལྟེ་གནས་ཐང་ཆེན་དུ་འདུ་འཛི་ལང་ལོང་བྱེད་ཅིང་། 2025ལོའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་བོད་ཀྱི་རྒྱན་གོས་འགྲེམ་སྟོན་བྱེད་ཐེངས་ཤིག་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྣ་མང་རང་བཞིན་གྱི་གསོན་ཤུགས་མངོན་སྟངས་ཤིག་རེད།
བོད་ཀྱི་རྒྱན་གོས་དེ་མི་རིགས་རིག་གནས་ཀྱི་གཅེས་ནོར་ཞིག་ཡིན་པའི་ཆ་ནས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་མི་རིགས་དྲན་ཚོར་གྱི་འདེགས་གཞི་རུ་གྱུར་ཡོད་ཅིང་། ཉིན་རྒྱུན་འཚོ་བའི་ཆ་ལུགས་ཤིག་ཏུ་མ་ཟད། ལྷག་པར་དུ་མི་རིགས་ཀྱི་འཕེལ་རྒྱས་དང་འཕེལ་འགྱུར་གྱི་དཔང་རྟགས་སུ་གྱུར་ཡོད། ཐེངས་འདིར་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་སྒྱུ་རྩལ་དུས་ཆེན་སྤེལ་བ་དེས། དྲིལ་སྒྲོག་བརྗེ་རེས་ཀྱི་སྟེགས་བུ་བཙུགས་ཏེ། མི་སྔར་ལས་མང་པོར་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མི་རིགས་རིག་གནས་ཀྱི་མཛེས་ཉམས་ལ་བློ་བསྐྱེད་ཐོབ་པར་བྱེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ནས། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་། འབད་འབུངས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་ཕྱིར་མངོན་རྒྱུ་གཙོར་བཟུང་ཡོད།
མགོ་རྩོམ་བྱེད་སྒོའི་སྟེང་། སེམས་ཞིབ་མོས་སྒྲིག་བཟོ་བྱས་པའི་ལོ་ངོ་སྟོང་གི་བགྲོད་ལམ་དང་། ང་དང་ང་ཡི་མེས་རྒྱལ་སོགས་ལེའུ་དྲུག་རིམ་བཞིན་འཁྲབ་སྟོན་བྱས། འཁྲབ་སྟོན་གྱི་སྐར་མ་དགུ་བཅུའི་ཁྲོད། འཁྲབ་སྟོན་པ་རྣམས་ཀྱིས་ལུས་ལ་བོད་ཀྱི་རྒྱན་གོས་སྤྲས་ཏེ། ཞབས་བྲོ་དང་། གླུ་དབྱངས། ཤོམ་འགྲོ་སོགས་ཀྱི་རྣམ་པས། བོད་རིགས་མི་དམངས་ཀྱི་འཚོ་བའི་འགྱུར་ལྡོག་དང་རིག་གནས་རྒྱུན་འཛིན་གསོན་ཉམས་ལྡན་པར་འཁྲབ་སྟོན་བྱས་པས། ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།
ཡུལ་དངོས་ཀྱི་ལྟད་མོ་བ་ཕག་མོ་གསེར་མཚོས་བཤད་རྒྱུར། འཕྱོར་ཉམས་ལྡན་པའི་བོད་ཀྱི་རྒྱན་གོས་མང་པོ་མཐོང་སོང་བས་ང་ལ་ཡིད་ཆེས་དང་སྤོབས་པ་བསྩལ་བྱུང་། ཁབ་སྐུད་རེ་རེ་ལས་མེས་པོ་ཚོའི་བློ་གྲོས་མཐོང་ཐུབ། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་བརྒྱུད་དེ། མི་སྔར་ལས་མང་པོ་ཞིག་ལ་རྒྱན་གོས་རིག་གནས་རྒྱུས་ལོན་བྱེད་དུ་བཅུག་པས་དེར་དོན་སྙིང་ཆེན་པོ་འདུག་ཟེར།
ཡུལ་སྐོར་བ་ལིས་ཐུང་གིས་བཤད་རྒྱུར། ཐེངས་དང་པོར་ཆེས་ཐག་ཉེ་ནས་བོད་ཀྱི་རྒྱན་གོས་རིག་གནས་ལ་རོལ་མྱོང་ཐེངས་ཤིག་བྱས་པས་སེམས་འགུལ་ཐེབས་སོང་། ཞིབ་ཚགས་ཀྱི་འཚེམ་དྲུབ་དང་། ཁྱད་འཕགས་ཀྱི་ཇུས་འགོད་རེ་རེ་ཡིད་འགུག་གི་ཞབས་བྲོ་དང་ཤོམ་པའི་ཉམས་འགྱུར་ལས་ཕྱིར་མངོན་ཚེ། ང་རང་ལ་དངོས་ནས་མིག་རྒྱ་བསྐྱེད་སོང་། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཧ་ཅང་ངོ་མཚར་བ་ཞིག་རེད། ཉིན་འདི་འགར་ང་རང་གནས་འདིར་བསྡད་ནས་མཚོ་སྔོན་ས་ཆའི་རིག་གནས་ཀྱི་མཛེས་ཉམས་འཚོལ་རྒྱུ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཉིན་ལྔ་ལ་སྤེལ་རྒྱུ་རེད། སྐབས་དེར་ད་དུང་རིག་རྩལ་འཁྲབ་སྟོན་དང་། ཞིང་ཞོར་ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་སོགས་བྱ་འགུལ་གང་མང་སྤེལ་ནས། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་མགྲོན་པོར་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་དེར་རོལ་མྱོང་ཐེངས་ཤིག་བྱེད་པའི་གོ་སྐབས་བསྐྲུན་ཡོད།